དམག་འཐབ་ཀྱི་རྐྱེན་པས་འབར་མ་ནས་རྒྱ་གར་ལ་བྲོས་བྱོལ་ཡོང་མཁན་མང་པོ་བྱུང་འདུག
འབར་མའི་ནང་དུ་སྲིད་དབང་བཙན་འཕྲོག་བྱེད་མཁན་དམག་གི་སྲིད་གཞུང་དང་གྱེན་ལངས་ཤོག་ཁག་བར་དམག་འཁྲུག་རྒྱག་བཞིན་ཡོད་པས། དེ་ལ་བརྟེན་ནས་རྒྱ་གར་ནང་དུ་འབར་མའི་མི་སེར་དཀྱུས་མ་བྲོས་བྱོལ་ཡོང་མཁན་མང་པོ་ཆགས་བཞིན་ཡོད་འདུག
འབར་མའི་ནང་དུ་སྲིད་དབང་བཙན་འཕྲོག་བྱེད་མཁན་དམག་གི་སྲིད་གཞུང་དང་གྱེན་ལངས་ཤོག་ཁག་བར་དམག་འཁྲུག་རྒྱག་བཞིན་ཡོད་པས། དེ་ལ་བརྟེན་ནས་རྒྱ་གར་ནང་དུ་འབར་མའི་མི་སེར་དཀྱུས་མ་བྲོས་བྱོལ་ཡོང་མཁན་མང་པོ་ཆགས་བཞིན་ཡོད་འདུག
ཟླ་༩ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་རྒྱ་གར་གྱི་བྱང་ཤར་ས་མཚམས་ཀྱི་ཉེ་འགྲམ་དུ་ཡོད་པའི་འབར་མའི་གྲོང་སྡེ་ཐཱང་ཌ་ལང་ཞེས་པའི་ནང་དུ། དམག་གི་སྲིད་གཞུང་གི་དམག་མི་དང་གྱེན་ལངས་ཤོག་གི་དམག་མི་བར་དམག་འཁྲུག་བརྒྱབ་ནས། ཁང་པ་མང་པོ་ཞིག་མེ་ཤོར་ཡོད་ཁར། གྲོང་སྡེ་དེར་གནས་སྡོད་བྱེད་མཁན་མི་སེར་༨༠༠༠ ལྷག་ནས་ཕལ་ཆེ་བ་རྒྱ་གར་གྱི་ས་མཚམས་མངའ་སྡེ་མཱི་ཛོ་རམ་ནང་དུ་བྲོས་བྱོལ་ལ་སླེབས་ཡོད་འདུག
བྲོས་བྱོལ་དུ་འགྲོ་མཁན་མི་མང་ལ་རོགས་སྐྱོར་བྱེད་མཁན་གྱི་ཚོགས་པ་ཞིག་གིས་བརྗོད་དོན་ལྟར་ན། དམག་གི་སྲིད་གཞུང་གི་དམག་མིས་ཐོག་མར་གྲོང་སྡེའི་ནང་དུ་ཁང་པ་ཚོར་མེ་མདའ་བརྒྱབ་པས། མི་སེར་རྣམས་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་འདུག
བྲོས་བྱོལ་ཡོང་ཡུལ་རྒྱ་གར་གྱི་བྱང་ཤར་མངའ་སྡེ་མཱི་ཛོ་རམ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་བརྗོད་དོན་ལྟར་ན། མངའ་སྡེ་དེའི་རྫོང་གཉིས་ཀྱི་ནང་དུ་འདས་པའི་བདུན་ཕྲག་ནང་འབར་མའི་མི་སེར་༥༥༠༠ བྲོས་བྱོལ་དུ་སླེབས་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་པ་ཞིག་གིས་འབར་མའི་ས་མཚམས་ཀྱི་གྲོང་སྡེ་དེའི་གནས་སྟངས་ལས། འབར་མའི་མི་མང་རྣམས་དམག་གི་སྲིད་གཞུང་འོག་ཏུ་དམྱལ་བའི་དཀའ་སྡུག་མྱོང་བཞིན་ཡོད་པ་གསལ་སྟོན་བྱས་སྐོར་བརྗོད་འདུག
ཟླ་༢ པའི་ཚེས་༡ ཉིན་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དྲང་བདེན་བྱུང་མེད་སྐོར་བརྗོད་ནས། མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ཚང་མ་འཛིན་བཟུང་བྱས་ཏེ་སྲིད་དབང་བཙན་འཕྲོག་བྱས་ཡོད་པ་དང་། སྐབས་དེར་ལོ་གཅིག་རིང་ཛ་དྲག་གི་བཀའ་རྒྱ་བཏང་ཡོད་ཀྱང་། རྗེས་སུ་ཟླ་བ་༦ སོང་རྗེས་སླར་ཡང་ལོ་གཉིས་རིང་དུས་འགྱངས་བྱས་ཡོད་པ་རེད། དེ་ཡང་ལོ་སྔོན་མའི་ཟླ་༡༡ པའི་ནང་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་སྲིད་དབང་སྒེར་འཛིན་མཇུག་བསྒྲིལ་བའི་རྗེས་ཀྱི་གྲོས་ཚོགས་འོས་བསྡུ་ཐེངས་༢ པ་དེ་བྱས་ཡོད་པ་དང་། གྲུབ་དོན་དུ་ལྕམ་ཨང་སན་སུ་ཅི་ཡི་སྲིད་དོན་ཚོགས་པ་རྒྱལ་ཡོངས་མང་གཙོ་མཐུན་ཚོགས་ལ་འོས་གྲངས་བརྒྱ་ཆ་༨༣ ཐོབ་ནས་གཞུང་འཛིན་ཆོག་པའི་རྐུབ་སྟེགས་ཀྱི་གྲངས་ལས་བརྒལ་ཡོད་པས། རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། འོན་ཀྱང་དམག་གི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་གི་རྐུབ་སྟེགས་༤༧༦ ནས་༣༣ མ་གཏོགས་ཐོབ་མེད་པས། དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དེ་དྲང་བདེན་བྱུང་མེད་པ་དང་འོས་ཤོག་བརྐུས་ཡོད་པའི་ཉེས་འཛུགས་བྱས་འདུག་ཀྱང་། འོས་བསྡུ་ལས་ཁང་གིས་ཉེས་འཛུགས་དེ་ནི་དཔང་རྟགས་མེད་པའི་ཉེས་འཛུགས་ཡིན་པར་བསྒྲགས་ནས་ཁས་ལེན་བྱས་མི་འདུག
དེ་བཞིན་ཟླ་༨ པའི་ཚེས་༡ ཉིན་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་དམག་དཔོན་ཆེན་མོ་མཱིན་ཨོང་ཧེ་ལེང་(Min Aung Hlaing) གིས་བརྙན་འཕྲིན་བརྒྱུད་གསལ་བསྒྲགས་ཤིག་སྤེལ་ཏེ། འབར་མ་ནང་ཛ་དྲག་གི་བཀའ་རྒྱ་དེ་མུ་མཐུད་ནས་ལོ་གཉིས་དུས་འགྱངས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། ཉིན་དེའི་དགོང་མོར་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་བར་བརྒལ་གཞུང་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པས། དེའི་འགོ་ཁྲིད་སྲིད་བློན་དམག་དཔོན་ཆེན་མོ་མཱིན་ཨོང་ཧེ་ལེང་ཡིན་པའི་གསལ་བསྒྲགས་སྤེལ་འདུག དེ་སྔོན་མང་གཙོའི་ལམ་ནས་བདམས་པའི་སྲིད་གཞུང་གི་སྲིད་དབང་བཙན་འཕྲོག་བྱས་རྗེས། འོས་བསྡུ་གོ་སྒྲིག་བྱེད་རྒྱུ་ཡིན་པའི་ཁས་ལེན་དེ་རྫུན་མ་ཡིན་པ་གསལ་པོ་ཆགས་ཡོད་འདུག
འབར་མའི་དམག་གི་སྲིད་གཞུང་ལ་དྲག་པོའི་གྱེན་ལངས་བྱེད་མཁན་མི་མང་དཀྱུས་མ་དང་། དྲག་སྤྱོད་པ་ལས་གྲུབ་པའི་ཤོག་ཁག་མང་པོ་ཞིག་ཐོན་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།