དམར་ཤོག་ནང་ཁུལ་གྱི་འགལ་ཟླའི་ཤུཌ་རྐྱེན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༥༣ ཕྱི་ལོ་ ༢༠༡༣/༨/༢༨
ཉེ་བའི་ཆར་རྒྱ་ནག་དམར་ཤོག་གི་དཔོན་རིགས་མཐོ་གྲས་པའོ་ཞི་ལེ་ཁྲིམས་ར་རུ་ཁྲིད་ནས་ལྐོག་ཟ་རུལ་སུངས་དང། དབང་ཆ་བེད་སྤྱོད་ལོག་པར་བཏང་བ་སོགས་ཀྱི་ཉེས་འཛུགས་བྱས་ནས་ཁྲིམས་བཤེར་བྱས་ཤིང།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༥༣ ཕྱི་ལོ་ ༢༠༡༣/༨/༢༨
ཉེ་བའི་ཆར་རྒྱ་ནག་དམར་ཤོག་གི་དཔོན་རིགས་མཐོ་གྲས་པའོ་ཞི་ལེ་ཁྲིམས་ར་རུ་ཁྲིད་ནས་ལྐོག་ཟ་རུལ་སུངས་དང། དབང་ཆ་བེད་སྤྱོད་ལོག་པར་བཏང་བ་སོགས་ཀྱི་ཉེས་འཛུགས་བྱས་ནས་ཁྲིམས་བཤེར་བྱས་ཤིང། འབྲེལ་ཡོད་དཔང་རྟགས་དང་དཔང་མི་མང་པོ་ཞིག་ཀྱང་སྔ་རྗེས་སུ་ཁྲིམས་རར་ཁྲིད་ནས་བདེན་དཔང་བྱས་ཀྱང། པའོ་ཡི་གནད་དོན་དེ་དག་ཁས་ལེན་གཏན་ནས་བྱས་མི་འདུག འོན་ཀྱང་ད་ལན་ཁྲིམས་བཤེར་གྱི་གནས་སྟངས་དྲ་རྒྱ་བརྒྱུད་ནས་དུས་ཐོག་ཡོངས་ཁྱབ་བྱས་པ་ནི། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་རེད། གནད་དོན་འདིའི་ཐོག་ནས་པའོ་ལ་དེ་ལྟ་བུའི་དཀའ་ངལ་འཕྲད་དགོས་དོན་ད་ལྟ་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཁག་གི་ནང་དུ་ཁོ་པ་མ་གཏོགས་གཞན་ལྐོག་ཟ་རུལ་སུངས་བྱེད་མཁན་དང། དབང་ཆ་བེད་སྤྱོད་ལོག་པར་གཏོང་མཁན་མེད་པ་གཏན་ནས་ཡིན་མི་སྲིད་ཀྱང། གནད་དོན་འདི་ནི་དམར་ཤོག་གི་དཔོན་རིགས་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་དབར་གྱི་འགལ་ཟླ་དང་དེ་ལ་བརྟེན་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཀྱི་རྣམ་པ་ཕྱིར་མངོན་ཡོང་བ་ཞིག་རེད།
པའོ་རླུང་རྟ་དར་བའི་སྐབས་སུ་རྒྱ་ནག་ནང་ཁུལ་གྱི་དཔོན་རིགས་སྐད་གྲགས་ཅན་ཞིག་ཡིན་པ་དང། ཁ་ལྕེ་བདེ་ཞིང་སློབ་སྦྱོང་གི་གནས་ཚད་མཐོ་བ། རྒྱ་ནག་གི་དཔོན་རིགས་གཞན་དང་བསྡུར་ན་དབྱིན་ཇིའི་སྐད་ཡིག་ཀྱང་ཡག་གྲས་ལྟ་བུར་བརྩི་བཞིན་ཡོད་འདུག ཁག་ཅིག་གིས་པའོ་རླུང་རྟ་མ་ཆག་གོང། ད་རེས་ཞི་ཅིན་ཕིན་གྱི་གོ་གནས་དེ་ཁོའི་ལག་ཏུ་འཆོར་སྲིད་པར་ཚོད་དཔག་བྱེད་མཁན་ཡང་ཡོད་འདུག ཁོ་དང་ཁོ་པའི་རྒྱབ་ལོགས་སུ་རྒྱ་ནག་དབུས་དམར་ཤོག་རྒྱུན་ལས་ཟུར་པ་ཀྲུའུ་ཡོང་ཁང་སོགས་རྒྱ་གཞུང་གི་དཔོན་རིགས་གཡོན་ཕྱོགས་པ་རྣམས་ཡོད་པ་དང། པའོ་ནི་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཁག་གི་ནང་དུ་གཡོན་གྱི་ཚབ་མཚོན་མི་སྣ་ཉག་གཅིག་ཏུ་གྱུར་ཡོད་པ་རེད། ད་ལན་གྱི་གནས་ཚུལ་འདིས་གནས་སྐབས་གཡོན་ཕྱོགས་པར་ཕམ་ཉེས་བྱུང་བ་ར་སྤྲོད་བྱས་ཡོད་ཀྱང། ནང་ཁུལ་གྱི་འགལ་ཟླ་འདི་པའོ་ཞི་ལེ་གཅིག་པུ་ཕམ་ཉེས་བཏང་བ་ཙམ་གྱིས་མཇུག་རྫོགས་མེད་པའང་ད་དུང་གནས་སྟངས་མང་པོའི་ཐོག་ཚོད་དཔག་བྱེད་ཐུབ་པ་ཞིག
ད་ལན་པའོ་ལ་ཁྲིམས་བཤེར་བྱེད་པའི་སྐབས་སུ་ས་གནས་ཁག་ཅིག་ཏུ་ཁོ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་སྐད་འབོད་བྱེད་མཁན་ཡང་མང་པོ་བྱུང་ཡོད་འདུག་ཀྱང། ཁོས་བསགས་པའི་ནག་ཉེས་ཁག་གི་བདེན་དཔང་དམར་རྗེན་དུ་ཡོད་པས། ཁོ་པའི་འགལ་ཟླའི་ཤོག་ཁག་ལ་ཧ་ཅང་ལག་པ་འཆང་ས་ཡག་པོ་ཞིག་རག་པ་རེད། ད་ལན་པའོ་ལ་སྲོག་ཁྲིམས་དང། ཡང་ན་ཚེ་བཙོན། དུས་བཀག་བཙོན་འཇུག་སོགས་ཁྲིམས་ཐག་ག་འདྲ་ཞིག་བཅད་ཀྱང། ཁོའི་རྒྱབ་ལོགས་སུ་ཡོད་པའི་དཔོན་རིགས་ཁག་གི་སེམས་ནང་དུ་ན་ཚ་ཆེན་པོ་ཞིག་བཟོས་པས། གནས་སྐབས་འགུལ་བསྐྱོད་རྒྱག་རྒྱུའི་གོ་སྐབས་དང་ཁོར་ཡུག་མེད་ཀྱང། རིམ་པས་གནད་དོན་དེ་ལ་བརྟེན་ནས་སླར་ཡང་དམར་ཤོག་ནང་ཁུལ་གྱི་འགལ་ཟླའི་འཐབ་རྩོད་མུ་མཐུད་ཡོང་གི་རེད། བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་པ་ལྟར། ལྐོག་ཟ་རུལ་སུངས་ཀྱི་ཐོག་ནས་དམར་ཤོག་གི་དཔོན་རིགས་ཕལ་མོ་ཆེར་ནག་ཐིག་ཡོད་ཀྱང། ད་ལན་གྱི་གནད་དོན་དེ་ནི་དབང་ཆའི་འཐབ་རྩོད་དང་འབྲེལ་བ་ཞིག་ཏུ་གྱུར་ཡོད་འདུག
ཞི་ཅིན་ཕིང་གི་ཐོག་མའི་གཏམ་བཤད་རྒྱ་ནག་གི་རྨི་ལམ་མམ། རྒྱ་ནག་གི་ཕུགས་བསམ་ནང་དུ་ལྐོག་ཟ་རུལ་སུངས་པ་རྩ་མེད་བཟོ་རྒྱུ་ཡིན་པའི་སྐད་ཆ་ཞིག་བཤད་ཡོད་པ་དང། དེའི་རྗེས་འབྲེལ་གྱི་ལས་དོན་ལྟ་བུར་ལྕགས་ལམ་བློན་ཆེན་ལ་ཁྲིམས་ཐག་བཅད་པ་དང། གཙོ་བོ་པའོ་ཞི་ལེ་བཙོན་འཇུག་བྱས་པ་རེད། ཞི་ཅིན་ཕིང་གིས་རྨིས་པའི་རྨི་ལམ་གྱི་ཆ་ཤས་དེ་དག་དོན་དངོས་ཐོག་ལག་ལེན་དུ་འཁེལ་ཐུབ་མིན་དང། ནང་ཁུལ་གྱི་འགལ་ཟླའི་དཔུང་ཚོགས་ཀྱི་ནུས་པ་ཉམས་དམས་གཏོང་ཐབས་ཀྱི་ལག་ཆ་ཙམ་ཞིག་ཏུ་འགྱུར་འགྲོ་མིན་སོགས་ད་དུང་མུ་མཐུད་ལྟད་མོ་ངོ་མཚར་ཅན་མང་པོ་ཡོད་པ་དང། ཞི་ཅིང་ཕིང་གི་རྒྱ་ནག་གི་ཕུགས་བསམ་ཞེས་པ་དེ་དོན་དངོས་ཡིན་པའི་དབང་དུ་བཏང་ཡང། མའོ་ཙི་ཏུང་དང། ཏིང་ཞོ་ཕིང་གི་སྐབས་ལྟ་བུའི་དབང་ཤུགས་མེད་པ་དང། ནང་ཁུལ་གྱི་འགལ་ཟླའི་དཔུང་ཁག་ཀྱང་མང་པོ་ཡོད་པས་རྨི་ལམ་དེ་འགྲུབ་པར་འགལ་རྐྱེན་མང་པོ་ཡོད་པ་མ་ཟད། ལྷག་པར་དུ་དམར་ཤོག་གི་དཔོན་རིགས་ཁག་དང་ཚོང་པ་ཁག་ལག་འབྲེལ་བྱས་ནས་རུལ་སུངས་ཀྱི་གནད་དོན་ནི་རྒྱུན་ལྡན་ལྟ་བུར་གྱུར་ཡོད།
དེར་བརྟེན་མ་འོངས་པར་ཞི་ཡི་རྨི་ལམ་གྱི་ནང་ནས་ལྐོག་ཟ་རུལ་སུངས་ལ་རྒོལ་བ་དེ་གཙོ་བོ་ནང་ཁུལ་གྱི་ཁ་གཏད་ཤོག་ཁག་ལ་གདོང་ལེན་བྱེད་པའི་ཐབས་ལམ་ཙམ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད། གང་ལྟར་རྒྱ་ནག་གི་དཔོན་རིགས་ཁག་གི་འགལ་ཟླའི་རང་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང། ཆུང་ས་ནས་ཞི་ཡི་འབུམ་རམས་པའི་རྩོམ་ཡིག་དེ་གཞན་གྱིས་བྲིས་པ་ཡིན་པའི་གླེང་ཕྱོགས་ལྟ་བུ་ཡང། ནང་ཁུལ་གྱི་འགལ་ཟླའི་ཤོག་ཁག་གི་མི་མངོན་པར་ཐག་སྒུལ་འདྲ་གཟུགས་དག་གིས་བྱས་པ་ཞིག་མིན་ནམ་སྙམ་པའི་དོགས་པ་ཡང་རང་ཤུགས་ཀྱིས་སྐྱེ་ཆོག་པ་ཞིག་ཏུ་གྱུར་འདུག མདོར་ན་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཁག་གི་དབར་འགལ་ཟླའི་རང་བཞིན་ཤུགས་ཆེ་རུ་སོང་བའི་ཚོད་ཀྱིས་དམར་ཤོག་གཞུང་འཐོར་ཞིག་ཏུ་འགྲོ་བར་ཐག་ཉེ་རུ་འགྲོ་བ་དང། དམར་ཤོག་གི་དབང་ཤུགས་འོག་ཏུ་མནར་གཅོད་མྱོང་བཞིན་པའི་མི་རིགས་ཁག་གི་གོ་སྐབས་ཀྱང་མང་ནས་མང་དུ་འགྲོ་ངེས་པ་ལྟ་བུར་གྱུར་ཡོད།།