དེ་རིང་གི་ཡུ་ཁི་རཱན་དམག་འཁྲུགས་ལ་ལྟ་བ།

ད་ལྟ་རང་ངའི་ཁ་པར་འཆར་ངོས་སུ་ཡི་གེ་ཞིག་ཤར་བྱུང་། དེ་ནི་《དེ་རིང་གི་ཨོ་གླིང་》དྲ་ངོས་ཀྱིས་ཨ་རིའི་སིས་ཨེན་ཨེན་(CNN) གསར་འགྱུར་ལུང་དུ་དྲངས་ནས། “རཱ་ཤི་ཡའི་དམག་དཔུང་གི་ས་ངོས་རུ་ཁག་ཡུ་ཁི་རཱན་གྱི་རྒྱལ་ས་དང་བར་ཐག་སྤྱི་ལེ་སུམ་ཅུ་ཙམ་ལས་མེད་སར་འབྱོར་ཟིན། ཅིག་བྱས་ན་རྒྱལ་ས་མཐའ་སྐོར་རྒྱུ་རེད། ”ཟེར་བ་དེ་རེད།

རྫ་ཚེ་རིང་བཀྲ་ཤིས། (འཕྲལ་བྲིས)

ད་ལྟ་རང་ངའི་ཁ་པར་འཆར་ངོས་སུ་ཡི་གེ་ཞིག་ཤར་བྱུང་། དེ་ནི་《དེ་རིང་གི་ཨོ་གླིང་》དྲ་ངོས་ཀྱིས་ཨ་རིའི་སིས་ཨེན་ཨེན་(CNN) གསར་འགྱུར་ལུང་དུ་དྲངས་ནས། “རཱ་ཤི་ཡའི་དམག་དཔུང་གི་ས་ངོས་རུ་ཁག་ཡུ་ཁི་རཱན་གྱི་རྒྱལ་ས་དང་བར་ཐག་སྤྱི་ལེ་སུམ་ཅུ་ཙམ་ལས་མེད་སར་འབྱོར་ཟིན། ཅིག་བྱས་ན་རྒྱལ་ས་མཐའ་སྐོར་རྒྱུ་རེད། ”ཟེར་བ་དེ་རེད།

ད་དུང་དེ་རིང་ས་གནས་འདིའི་ཕྱི་དྲོ་ཆུ་ཚོད་གསུམ་དང་སྐར་མ་ཉེར་ལྔའི་ཐོག་ཡུ་ཁི་རན་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། “ཡུ་ཁི་རཱན་གྱིས་རཱ་ཤི་ཡའི་ལྕགས་ཁྲབ་འཁོར་ལོ་སུམ་ཅུ་དང་། དམག་གི་གནམ་གྲུ་བདུན། ཐད་འཕུར་གནམ་གྲུ་དྲུག་བཅས་གཏོར་ཡོད་པ་དང་། ཨུ་རུ་སུའི་དམག་མི་བརྒྱད་བརྒྱར་ཉེ་བར་ཤི་རྨས་བྱས་ཡོད་”ཟེར།

ད་དུང་ཡུ་ཁི་རིན་གྱི་སྲིད་འཛིན་གྱིས་རྒྱལ་ཡོངས་གཏམ་བཤད་སྐབས། “རང་ལོ་༡༨ ནས་༦༠ བར་གྱི་སྐྱེས་པ་ཕོ་སུ་ཡིན་ཡང་རྒྱལ་ཁབ་བཞག་ནས་འགྲོ་མི་ཆོག ང་དང་ངའི་ནང་མི་ཆ་ཚང་དཀའ་ངལ་ག་ཚོད་ཕྲད་ཀྱང་རྒྱལ་ཁབ་བཞག་ནས་འགྲོ་རྒྱུ་མིན། ཨ་རི་གཙོས་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཉག་ཕྲ་བའི་དུས་འདིར་ང་ཚོ་གཅིག་པུ་བཞག་ནས་ཕྱིན་སོང་།

ངས་ནཱ་ཌོ(NATO) རྒྱལ་ཁབ་ཀྱི་འཐུས་མི་ཆ་ཚང་ལ་འབྲེལ་བ་བྱས་པ་ཡིན་མོད། སུས་ཀྱང་རྒྱབ་སྐྱོར་ཡོད་པའི་ལན་རྣལ་མ་ཞིག་བརྒྱབ་མ་སོང་། གནད་འགག་གི་སྐབས་སུ་ང་ཚོ་གཡུགས་སོང་། འོན་ཀྱང་། ང་དང་ངའི་དམག་མི་དང་ཡུལ་མི་ཚོས་ནམ་ཡང་མགོ་སྒུར་གྱི་མ་རེད། དེ་རིང་གི་ཉིན་མོ་འདི་ཡུ་ཁི་རེན་ལ་ཉེན་ཁ་ཆེ་ཤོས་ཤིག་ཆགས་ཡོད། ང་ཚོས་ཤུགས་ཡོད་ཚད་ཀྱིས་རཱ་ཤི་ཡའི་དམག་མིར་གདོང་ལེན་བྱ་རྒྱུ་ཡིན། འཇིགས་སྣང་མི་དགོས། ”ཞེས་བརྗོད།

དེ་བཞིན་རཱ་ཤི་ཡའི་ངོས་ནས་ཀྱང་“ཁ་སང་ཞོགས་པ་དངོས་སུ་དམག་མགོ་བཟུང་བ་ནས། འབར་འདེལ་སོགས་དེང་རབས་ཀྱི་ཚད་མཐོའི་ལག་ཆ་ཁོ་ན་སྤྱད་ནས་ཡུ་ཁི་རན་གྱི་དམག་དཔུང་བཀོད་འདོམས་ལྟེ་གནས་དང་། གནམ་ཐང་སོགས་ཚུད་པའི་ས་གནས་མང་པོར་གཏོར་རྒོལ་བྱ་མུས་ཡིན་པ་དང་། དམག་དོན་དང་འབྲེལ་བའི་མ་ལག་ཡོངས་རྫོགས་ལ་ནུས་མེད་དུ་གཏོང་རྒྱུའི་བྱ་སྤྱོད་སྤེལ་བཞིན་ཡོད་”ཟེར།

ང་ཚོས་ད་ལྟ་ཆུ་ཚོད་སྐར་ཆ་རེ་རེ་བཞིན་ཡུལ་ངོས་ཀྱི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གསར་འགྱུར་དག་མཐོང་གི་ཡོད། ཨ་མི་རི་ཀ་དང་ནཱ་ཌོ། ཡོ་རོབ་གནའ་འབྲེལ་དང་། དེ་མིན་གྱི་རྒྱལ་ཁབ་མང་པོས་གཅིག་རྗེས་གཉིས་མཐུད་དུ་རཱ་ཤི་ཡར་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་བསྒྲགས་གཏམ་སྤེལ་བཞིན་འདུག །མཉམ་འབྲེལ་རྒྱལ་ཁབ་(རྒྱལ་ཚོགས་) གྱི་ཚོགས་ཆེན་ནི་ཁ་རྡུང་དང་རྩོད་གླེང་གིས་ཁེངས་ནས་སོང་།

འོན་ཀྱང་། ཨ་རིས་ཀྱང་དམག་དངོས་སུ་གཏོང་རྒྱུ་མེད་པ་མནན་བརྗོད་བྱས། གོ་མཚོན་གྱི་རོགས་སྐྱོར་དང་། དཔལ་འབྱོར་གྱི་ཉེས་ཆད་ནི་སྤྱི་ཡོངས་ཀྱི་ཆ་ནས་གནོན་ཤུགས་སྤྲོད་བྱེད་ཀྱི་ལག་ཆ་ནུས་ལྡན་ཞིག་ཡིན་པ་སྨོས་མེད་ཡིན་ན་ཡང་། མཚོན་ཆ་ཐད་ཀར་སྤྱོད་སའི་ཡུལ་ངོས་ངོ་མ་དེར་བསླེབས་ཚར་དུས། མཚོན་ཆ་ལས་གཞན་པའི་དཔལ་འབྱོར་གྱི་ཉེས་ཆད་དང་། བློ་ཕམ་གྱི་རྣམ་འགྱུར། ཚིག་རྩུབ་ཀྱི་ཁ་རྡུང་ཡོད་ཚད་ཆབ་སྲིད་ཀྱི་ཟློས་གར་ཙམ་ལས་ཡོང་དཀའ་བར་སྣང་། ལར་ནས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་མཐོང་བར་དཀའ་བའི་ཏོག་ནད་ཀྱི་རྔ་མ་ད་བུད་མེད་བཞིན་དུ། འདི་ལྟ་བུའི་དམག་འཁྲུག་ཅིག་གི་མགོ་བཙུགས་པ་ནི་འཛམ་གླིང་ཧྲིལ་པོའི་ངོས་ནས་ཀྱང་ཐེག་པར་དཀའ་བའི་དཀའ་ངལ་གྱི་ཁུར་པོ་ཞིག་ཅི་ལ་མིན། ཆོས་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་བྱས་ན། འདི་ནི་ “སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །”ཅེས་པ་དེ་རང་ཆགས་ཡོད།

འོ་ན། སུ་ཞིག་གིས་རཱ་ཤི་ཡ་དང་ཡུ་ཁི་རན་གཡུལ་འགྱེད་ཀྱི་ལམ་ཁ་འདིར་དེད་པ་ཡིན་ཞེ་ན། འདིའི་ཕྱོགས་ལ་ཆེད་མཁས་ཀྱི་གླེང་བརྗོད་ཧ་ཅང་མང་མོད། ང་ཚོས་ཐོག་མར་དེང་རབས་ཀྱི་དམག་འཁྲུགས་ཕལ་མོ་ཆེ་ནི་ཁེ་ཕན་དང་འབྲེལ་བའི་ཚོང་ལས་ལྟ་བུ་ཞིག་གི་ངོས་ནས་ལྟ་དགོས་པ་ལས། ལ་རྒྱ་བཟུང་ནས་ཤ་ལེན་ལེན་པ་ལྟ་བུ་ཞིག་མིན་པ་འདི་སེམས་ལ་ཉར་དགོས།

ཐབས་ཀྱིས་དམག་འཁྲུགས་སློང་བའམ། དངོས་སུ་དམག་འཁྲུག་རྒྱག་མཁན་གང་ཡིན་ཡང་མཐར་གཏུགས་ན་རང་ཕྱོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཀྱི་འཕྲོག་རྩོད་ཉག་ཅིག་ཡིན། དེ་ལྟ་བུའི་གནས་སྟངས་ཀྱི་འོག་ནས་ཕྱོགས་གཅིག་ཁོ་ནར་བདེན་པ་དང་ནོར་འཁྲུལ་གང་རུང་ཁོ་ན་ཡོད་པ་ཞིག་ཡིན་མི་སྲིད་པས། ད་ཐེངས་ཀྱི་དམག་འཁྲུག་འདི་ལའང་རྐྱེན་རྩ་དུ་མ་ཞིག་ཡོད་པ་ནི་སྨྲོས་མ་དགོས་མོད། གཙོ་ཆེ་བ་གཅིག་ནི་ཨ་རིའི་བྱ་སྤྱོད་ལ་རག་ལས་ཡོད་པར་བཤད།

དེ་ཡང་། ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ནཱ་ཌོའི་སྟོབས་ཤུགས་རྒྱ་བསྐྱེད་བྱ་རྒྱུའི་སྲིད་ཇུས་བཟུང་ཡོད་ལ། ཇི་ཙམ་དུ་ནཱ་ཌོའི་སྟོབས་ཤུགས་ཡོ་རོབ་ཀྱི་ཤར་ཕྱོགས་སོགས་སུ་རྒྱ་སྐྱེད་པ་དེ་ཙམ་དུ་རཱ་ཤི་ཡའི་སྟོབས་ཤུགས་ལ་ཉེན་ཁ་ཆགས་ཀྱི་ཡོད་ལ། ནཱ་ཌོ་ཇི་ཙམ་དུ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ལྷོ་ཤར་དུ་རྒྱ་བསྐྱེད་བྱུང་བ་དེ་ཙམ་དུ་རྒྱ་ནག་ལ་ཉེན་ཁ་ཆགས་ཀྱི་ཡོད།

དེ་ཡང་ཁ་གསལ་དུ་བཏང་ན། ནཱ་ཌོ་ནི་རྒྱལ་ཁབ་དུ་མ་ལས་གྲུབ་པའི་དམག་དོན་མཉམ་འབྲེལ་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། རྒྱལ་ཁབ་གང་ཞིག་ནཱ་ཌོའི་ཚོགས་མིར་གྱུར་ན། ཚོགས་མིའི་རྒྱལ་ཁབ་དེར་ཕྱིའི་རྒྱལ་ཁབ་ཀྱིས་བཙན་འཛུལ་ཐེབས་པའི་སྐབས་སུ་ཚོགས་མིའི་རྒྱལ་ཁབ་གཞན་ཚང་མས་དེ་ལ་དམག་རོགས་བྱས་ནས་དངོས་སུ་མཉམ་དུ་དམག་རྒྱག་རོགས་དགོས་པ་ཞིག་ཡིན། འདི་ནཱ་ཌོའི་སྒྲིག་གཞི་རེད།

དེ་ཡང་དཔེར་ན། ཡུ་ཁི་རཱན་གྱི་རྒྱལ་ཁབ་དེ་ནཱ་ཌོའི་ཁོངས་གཏོགས་སུ་གྱུར་ཟིན་པའི་དབང་དུ་བཏང་ན། དེ་རིང་རཱ་ཤི་ཡས་བཙན་འཛུལ་བྱེད་པའི་དུས་ཚོད་འདིར། ཨ་རིའི་གཙོས་པའི་ནཱ་ཌོའི་རྒྱལ་ཁབ་ཚང་མས་དམག་དཔུང་དངོས་སུ་བཏང་དགོས་པ་ཞིག་ཆགས་ཀྱི་ཡོད་འདུག

དེ་ལྟར་བྱུང་བའི་དབང་དུ་བཏང་ན། སྐབས་དེ་དུས་རཱ་ཤི་ཡས་གདོང་ལེན་བྱེད་པར་དཀའ་ཁག་ཤིན་ཏུ་ཆེན་པོ་ཡོང་རྒྱུ་ཡིན་པ་དེ་ཕུ་ཌེན་གྱིས་གསལ་པོར་ཤེས་ཀྱི་ཡོད། ཕུ་ཌེན་གྱིས་དམག་འཁྲུག་གི་གྱོང་གུད་མི་ཤེས་པ་མིན་ཡང་། ཁོ་ལ་རྩིས་རྒྱག་སྟངས་གཞན་ཞིག་ཡོད་པ་རེད།

ཉེ་ཆར་ཟླ་བ་འགའ་ནས་བཟུང་ཏེ་རཱ་ཤི་ཡའི་ཕྱོགས་ཀྱིས་ཡུ་ཁི་རཱན་གྱི་མཐའ་མཚམས་སུ་འབུམ་དམག་གི་དཔུང་ཆེན་མངགས་པའང་། ངའི་ངོས་ནས་ཞུས་ན། དེ་ནི་དོན་དམ་པར་ཡུ་ཁེ་རཱན་ནཱ་ཌོའི་ཁོངས་སུ་ཞུགས་རྒྱུར་སྔོན་འགོག་གི་ཐབས་ལམ་གྱི་རིན་གོང་བཏམ་སྟངས་ཤིག་རེད་བསམ་གྱི་ཡོད། མ་ཟད་ཕུ་ཌེན་གྱིས་ཀྱང་ཨ་རི་དང་ཡོ་རོབ་སོགས་ལ་དེ་ག་རང་གི་ཆ་རྐྱེན་གྱི་ཐོག་ནས་གྲོས་མོལ་བྱས་ཡོད་པ་མངོན་གསལ་ཡིན།

ཡིན་ན་ཡང་། ཨ་རི་དང་ནཱ་ཌོ་སོགས་ཀྱིས་ཕྱོགས་གཅིག་ནས་རཱ་ཤི་ཡས་བཏོན་པའི་དགོས་འདུན་ཏེ། ཡུ་ཁི་རཱན་ནམ་ཡང་ནཱ་ཌོའི་ཁོངས་སུ་འཛུལ་ཞུགས་བྱ་རུ་མི་འཇུག་རྒྱུར་མོས་མཐུན་བྱེད་ཀྱི་མེད་ལ། དེ་ནི་དམག་འཁྲུགས་འདིའི་ཉེ་བའི་རྒྱུ་རྐྱེན་ནམ་ཁག་འཇོག་ས་ངོ་མ་དེར་གྱུར་ཡོད།

ཕྱོགས་གཞན་ཞིག་ནས་ནི། ཁ་སང་གི་ཡུ་ཁི་རེན་གྱི་སྲིད་འཛིན་གྱི་གཏམ་བཤད་ལྟར་ན། ཁོང་གིས་འབྲེལ་ཡོད་རྒྱལ་ཁབ་ཉི་ཤུ་ལྷག་ཅིག་ལ་ཡུ་ཁི་རཱན་ནཱ་ཌོའི་ཁོངས་སུ་འཛུལ་རྒྱུའི་རེ་འདུན་བྱས་ཀྱང་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱ་རྒྱུར་གཡོལ་བཞིན་འདུག་ཅེས་སྐད་ཤོར་ཡོད། ཆབ་སྲིད་ཀྱི་རྩེད་མོ་ནི་ལར་ནས་རྟོགས་དཀའ་བ་ཞིག་ཀྱང་རེད།

ད་ཐེངས་ཨ་རིའི་ཕུ་ཌེན་གྱི་དགོས་འདུན་ཕྱེད་ཁ་ཙམ་ཁས་བླངས་ཡོད་ན་ཡང་ཕོ་ཌན་གྱིས་དམག་རྒྱག་གི་མ་རེད་ཅེས་ཟེར་མཁན་ཡང་འདུག་མོད། གང་ལྟར་དགོས་འདུན་གཅིག་ཀྱང་ཁས་མ་བླངས་སྟབས་ཁ་སང་ནས་ཕུ་ཌན་གྱིས་ཡུ་ཁི་རཱན་ལ་དམག་བརྒྱབ་པར་མ་ཟད། ཕུ་ཌེན་གྱིས་རྒྱལ་ཡོངས་གཏམ་བཤད་དུའང་། དམག་དོན་གྱི་བྱ་སྤྱོད་འདི་འདྲ་ཞིག་སྤེལ་དགོས་བྱུང་བ་ནི་ང་ཚོ་ལ་འདེམ་ཀ་གཞན་མ་སྤྲད་པས་འུ་ཐུག་པ་ཡིན་ཟེར།

ནཱ་ཌོ་རྒྱ་བསྐྱེད་བྱུང་བ་དང་། ཡུ་ཁི་རཱན་ནཱ་ཌོའི་ཁོངས་སུ་འཛུལ་ཕྱིན་པ་ཡིན་ན། དེ་ནི་རཱ་ཤི་ཡ་ལ་མཚོན་ན་ཧ་ཅང་གི་ཉེན་ཁ་ཡིན་ལ། དེ་ཙ་ན་ཨ་རི་དང་ཡོ་རོབ་ཀྱི་ཤུགས་རྐྱེན་རང་གི་སྒོ་རྩར་བསླེབས་ཟིན་པ་རེད། འདི་ནི་རཱ་ཤི་ཡའི་ངོས་ནས་དེ་འདྲ་ཞིག་མཐོང་འདོད་ནམ་ཡང་མི་བྱེད།

དེ་དང་མཉམ་དུ། ད་ནང་ཞོགས་པ་རང་ལ་ཨ་རིའི་རྒྱལ་དོན་སློབ་སྟོན་པ་ཟུར་བ་ཞིག་གིས། “ད་ནས་ཚང་མས་རྡོ་སྣུམ་དང་སོལ་རླངས་སོགས་ཨུ་རུ་སུ་ནས་ཉོ་བཞིན་པ་མཚམས་འཇོག་གིས་ཨ་རི་ནས་ཉོ་དགོས་”པའི་བསམ་ཚུལ་འདོན་བཞིན་འདུག །

མ་ཟད་བརྒྱུད་ལམ་ཁག་གིས། “དམག་འཁྲུག་གི་རྐྱེན་པས་ཨུ་རུ་སུའི་མ་རྐང་ཆག་བཞིན་པའི་ལྡོག་ཕྱོགས་ཤུགས་རྐྱེན་ལྟ་བུར་ཨ་རིའི་མ་རྐང་ཁྲོམ་རའི་མ་འཇོག་གི་ཚད་གཞི་ཇེ་མཐོར་འགྲོ་བཞིན་ཡོད་”པར་བཤད་ལ། ད་དུང་མཚོན་ཆ་ཉོ་ཚོང་གི་ཁེ་ཕན་ནི་དམག་འཁྲུག་སྐབས་ཀྱི་ཚོང་ལས་ཀྱི་ཁེ་ཕན་གཞན་ཞིག་སྟེ། འདི་དག་ཡོད་ཚད་ཀྱི་བར་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཆེན་པོ་ཡོད་དེ། ཧ་ཅང་མགོ་རྙོག་ཅན་ཞིག་རེད།

ད་དུང་ངོས་གཞན་ཞིག་ནས། ཨ་རིས་རང་གི་མཐུན་གྲོགས་དག་ལ་དོན་དམ་པའི་རྒྱབ་སྐྱོར་ཅི་ཙམ་བྱ་ངེས་ཡིན་པའི་ཐད་ལ། ཨབ་རྒན་གྱི་རྗེས་ནས་ར་ཤཱི་ཡས་ཡང་བསྐྱར་ཡིག་རྒྱུགས་ཐེངས་གཅིག་བླངས་པ་ཞིག་ཡིན་པས། སྐབས་འདིའི་ཨུ་རུ་སུའི་འགུལ་སྐྱོད་དང་། ཨ་རིའི་བརྡ་ལན་ནི་མ་འོངས་པར་པེ་ཅིན་གཞུང་གིས་ཐའེ་ཝན་གྱི་ཐོག་ཏུ་སྲིད་ཇུས་གང་འདྲ་ཞིག་འཛིན་མིན་དང་། འཛམ་གླིང་གིས་ཨ་རིའི་འཛམ་གླིང་དབུ་ཁྲིད་ཀྱི་ནུས་པར་ཡིད་རྟོན་གང་འདྲ་བྱེད་མིན་གྱི་གནད་འགག་ཅིག་ཀྱང་ཆགས་ཀྱི་ཡོད་སྐད།

ཡང་ཡུག་རེན་དང་ཨུ་རུ་སུ་དང་འབྲེལ་བའི་ནུས་པའི་འབྱུང་ཁུངས་སྤྱི་དང་། ཁྱད་པར་དུ་མ་རྨོས་ལོ་ཏོག་སོགས་ཐོན་རྫས་ཁག་གི་གལ་ཆེའི་ཕྱིར་འཚོང་གི་གྲུ་ཁ་ཁག་གཡུལ་སར་འགྱུར་བཞིན་ཡོད་པ་འདིས། འཛམ་གླིང་ཧྲིལ་པོ་དང་། ཁྱད་པར་ཁྱིམ་འཚེས་རྒྱལ་ཁབ་ཁག་གི་ནང་འདྲེན་དང་དང་འབྲེལ་བའི་ཚོང་ལས་དང་། དགོས་མཁོ་སོགས་ཀྱི་འཁོར་བསྐྱོད་ལའང་ཤུགས་རྐྱེན་ཅི་རིགས་ཐེབས་ངེས་ཡིན་པ་དང་། མི་མང་ཁྲི་འབུམ་མང་པོའི་འཚོ་བར་ཡང་ཤུགས་རྐྱེན་ཐེབས་ཀྱི་རེད།

རྦད་དེ་སྟབས་ཉེས་ན། འཛམ་གླིང་གཡུལ་ཆེན་གསུམ་པ་ལྟ་བུའི་དམག་འཁྲུགས་ཆེན་པོའང་སློང་མི་སྲིད་པ་གཏན་ནས་མིན་ལ། དེ་འདྲ་ཞིག་ཡོང་མིན་དེའང་མཐར་གཏུགས་ན་རྒྱལ་ཁབ་སོ་སོའི་རང་གི་ཁེ་ཕན་དང་འབྲེལ་བའི་རྩིས་ཁྲ་བསྐོར་སྟངས་དང་། ཕུགས་རྒྱང་རིང་པོའི་ཡོངས་ཁྱབ་ཀྱི་ཁེ་ཕན་ལ་བསམ་ཤེས་བྱེད་མིན་ལ་རག་ལས་ཡོད།

དེ་དང་མཉམ་དུ་སྲིད་གཞུང་དང་། ཆེད་མཁས་པ་མང་པོ་ཞིག་གིས་གཡུལ་འཁྲུགས་འདི་དང་འབྲེལ་བའི་ཤུགས་རྐྱེན་དང་། འབྱུང་འགྱུར་གྱི་ལངས་ཕྱོགས་འཛིན་སྟངས་སོགས་ཀྱི་ཐད་དགོས་ངེས་ཀྱི་གྲ་བསྒྲིགས་ཡོང་ཆེད་སྲིད་གཞུང་གིས་སྣེ་ཁྲིད་ནས་སྲིད་ཇུས་སོགས་ཀྱི་ཐད་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཁ་ཐུག་གྲོས་བསྡུར་དང་རྒྱང་ལྟ་བྱ་བཞིན་འདུག །དེ་ནི་དགོས་ངེས་ཤིག་ཀྱང་རེད།

གང་ལྟར། ད་ལྟའི་དུས་འདིར་བྱ་བཞག་ཡོད་ཚད་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་ཧྲིལ་པོ་འདི་འཕྲུལ་འཁོར་གཅིག་གི་མ་ལག་ལྟར་ཡོད་པ་འདི་སྔར་ལས་གསལ་པོ་ཡིན་པས། ཕྱོགས་གཅིག་ལ་ཉམས་རྒུད་འདི་ཕྱོགས་གཞན་ཞིག་གི་ཁེ་ཕན་ཁོ་ན་ཡིན་པ་ཞིག་ཅིས་ཀྱང་མི་ཡོང་བས། ང་ཚོ་ཡོད་ཚད་མུ་གེ་དང་དམག་འཁྲུག བདེ་སྐྱིད་དང་ཞི་བདེ་སོགས་ཀྱི་མཁའ་དབུགས་གཅིག་གི་འོག་ཏུ་འཚོ་དགོས་པ་འདིར་གཟུར་ས་གང་ཡང་མེད།

མཐའ་མཇུག འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་གྱི་གནས་བབ་སོགས་གང་ཅིར་མུ་གེའི་ཐོག་ཏུ་ཟླ་ལྷག་ལྟར་སྤྱི་ཡོངས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པ་ནི་གོ་ལ་གྲོང་གསེབ་ཅན་གྱི་དུས་འདིར་སུས་ཀྱང་ལྡོག་ཏུ་མེད་པ་ཞིག་ཡིན་སྟབས། མགྱོགས་ནས་མྱུར་དུ་དམག་འཁྲུག་གི་དུས་ཚོད་ཡ་ང་བ་དག་མཇུག་བསྡུས་ཏེ། ཞི་བདེ་དང་བདེ་སྐྱིད་ཀྱི་དུས་རབས་གསར་པ་ཞིག་ཏུ་བསྐྱར་ལོག་ཡོང་རྒྱུར་སྨོན་ལམ་འདེབས་དགོས།

ཁྱད་པར་གཡུལ་སར་དངོས་སུ་གནོད་འཚེ་ཕོག་ཡུལ་དུ་གྱུར་པའི་ཉེས་མེད་མི་སེར་དག་དང་། མེ་སྒྱོགས་ཀྱི་སྐད་སྒྲ་དང་མདེའུ་ཆར་ཁོ་ནའི་འོག་ནས་འཚར་ལོངས་འབྱུང་དགོས་ཁེལ་བའི་བྱིས་པ་ཉམ་ཆུང་ལྷད་མེད་དེ་དག་ལ་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་བ་ཡོད་དགོས།

དེ་བཞིན། ང་ཚོའི་ཡུན་ཐུང་གི་མི་ཚེ་འདིར་རང་ཉིད་ལ་འབྱོར་བའི་བདེ་སྐྱིད་ཀྱི་སྐར་ཆ་ཡོད་ཚད་ལ་དགའ་བ་བསྒོམ་ནུས་པའི་དྲན་ཤེས་རྣོན་པོ་ཞིག་ཡོད་དགོས། འདི་ལ་སྣང་བ་དཔེ་རུ་བཞག་པའི་ཉམས་ལེན་ཞེས་ཟེར། འོན་ཀྱང་། ད་ལྟ་འབྲི་མཚམས་འདིར་བསླེབས་དུས། ཡང་བསྐྱར་ཡུ་ཁི་རེན་གྱི་རྒྱལ་སྲུང་བློན་ཆེན་ཧན་ནཱ་མ་ལས་ཡར་གྱིས། “ཨུ་རུ་སུའི་དྲག་ཆས་ཀྱི་དཔུང་ཤུགས་མྱུར་ཚད་མཐོན་པོས་ཡུ་ཁི་རན་གྱི་རྒྱལ་སར་བསྐྱོད་བཞིན་འདུག་”ཅེས་ཡང་བསྐྱར་བརྗོད་བཞིན་པའི་གསར་འགྱུར་ངའི་ཁ་པར་གྱི་འཆར་ངོས་ཐོག་གསལ་བཞིན་འདུག །

 

འོ་ན། ད་ནི་ཌ་ལི་བྷན་གྱིས་ཨབ་རྒན་གྱི་སྲིད་འཛིན་ཕོ་བྲང་བཙན་བཟུང་བྱས་པའི་ཁ་སང་གི་ལེའུ་དེ་ཡུ་ཁི་རིན་གྱི་རྒྱལ་ས་ནས་དེ་རིང་ཡང་བསྐྱར་ང་ཚོའི་མིག་སྔུན་ལ་ཕྱིར་ལོག་བྱ་རྩིས་ཡིན་ནམ། འཛམ་གླིང་ཞི་བདེ་རྒྱལ་གྱུར་ཅིག །

རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་སྔོན་པོའི་འཚིག་ཇ་ཁང་ཞིག་ཏུ་འཕྲལ་བྲིས། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༥ ལའོ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།