དོན་གྲུབ་དབང་ཆེན་ལ་སྙིང་སྟོབས་གཟེངས་རྟགས་ཕུལ་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་གྱིས། འགྲན་ཟླ་མེད་པའི་སྙིང་སྟོབས་ཐོག་ནས་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་སྲུང་སྐྱོབ་བྱས་ཏེ་འཛམ་གླིང་གི་མི་མང་ལ་སེམས་འགུལ་ཐེབས་པར་བརྟེན། སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་ཕུལ་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་གྱིས། འགྲན་ཟླ་མེད་པའི་སྙིང་སྟོབས་ཐོག་ནས་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་སྲུང་སྐྱོབ་བྱས་ཏེ་འཛམ་གླིང་གི་མི་མང་ལ་སེམས་འགུལ་ཐེབས་པར་བརྟེན། སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་ཕུལ་འདུག

དེ་ཡང་ཟླ་༣ པའི་ཚེས་༢༦ ཉིན་སུད་སི་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལོ་འཁོར་ཚོགས་འདུ་ཐེངས་༡༡ པའི་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་༢༥ ཐུན་མོང་གིས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་གྲགས་ཆེན་དེ་སྤྲད་ཡོད་པ་དང་། གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་དོན་གྲུབ་དབང་ཆེན་གྱིས། རྒྱལ་སྤྱིའི་གཞུང་སྒེར་ཚོགས་པ་ཁག་དང་མང་ཚོགས་ནས་ཁོང་ལ་རྒྱབ་སྐྱོར་དང་སྦྲགས། ད་བར་དཀའ་སྡུག་ལ་མ་འཛེམས་པར་ཆོད་སེམས་གཡོ་བ་མེད་པའི་ཐོག་ནས་འཛམ་གླིང་ཐོག་གི་སྲིད་དབང་སྒེར་སྤྱོད་ཆེ་ཤོས་དང། གདུག་རྩུབ་དང་དྲག་གནོན་ཅན་གྱི་རྒྱ་ནག་སྲིད་གཞུང་ལ་གདོང་ལེན་དང་འཐབ་རྩོད་གནང་ནས། ད་རེས་ཁོང་ལ་གཟེངས་རྟགས་གནང་བར་བོད་མི་དང་འབྲེལ་ཡོད་ཁོང་གི་འཐབ་གྲོགས་ཚང་མའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་ད་ལྟའི་ཆར་བོད་ནང་གི་བོད་མི་ཚོ་རྒྱ་གཞུང་གི་དྲག་གནོན་དང་དམ་དྲག་འོག་ཡོད་པ་དང། ལྷག་པར་དུ་བོད་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ཚོ་ནི་ཆབ་སྲིད་བཙོན་པའི་ཉེས་མིང་འོག་རྒྱ་གཞུང་གིས་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཡོངས་རྫོགས་ལ་ཚོད་འཛིན་གྱིས་བཙོན་ཁང་ནང་དུ་ཡོད་སྐོར་གསུངས་པ་དང་ཆབས་ཅིག དེ་བཞིན་བཙོན་ཁང་ནས་ཕྱི་ཕྱོགས་སུ་གློད་གྲོལ་ཐོབ་ཀྱང་ཤི་བ་དང་གཅིག་མཚུངས་ཀྱི་གནས་སྟངས་འོག་གནས་དགོས་ཀྱི་ཡོད་པ་རེད། དེ་བཞིན་རང་དབང་ཟེར་བ་འདི་ནི་འགྲོ་བ་མིའི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་པ་དང། གལ་ཏེ་མི་ཞིག་གི་རང་དབང་བཙན་འཕྲོག་བྱས་པའི་ཉིན་མོ་ནས་བཟུང་མི་དེ་གསོན་པོར་གནས་མེད་པ་དང་གཅིགས་མཚུངས་རེད་ཅེས་གསུངས་སོང་། ཁོང་རང་ཉིད་ཀྱི་ངོས་ནས་རང་དབང་ལུང་པའི་ནང་གི་གོ་སྐབས་རྣམས་ལོངས་སུ་སྤྱོད་དེ་བོད་ནང་གི་བོད་མིའི་དཀའ་སྡུག་དང་དངོས་ཡོད་གནས་སྟངས་རྣམས་རྒྱལ་སྤྱིའི་གཞུང་མང་ཁྲོད་དུ་གང་ཐུབ་ཐུབ་ཀྱིས་གོ་རྟོགས་སྤེལ་རྒྱུ་ཡིན་པ། དེ་བཞིན་ཚང་མས་ སེམས་ཤུགས་མ་ཆག་པར་མུ་མཐུད་ནས་མདུན་བསྐྱོད་ཞུས་ཏེ་མི་རིང་བར་བོད་ནང་གི་བོད་མི་ཚོར་རང་དབང་དང་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་ཉིན་མོ་ཞིག་ཤར་ཐུབ་ངེས་རེད། ཉིན་མོ་དེའི་ཆེད་དུ་ཚང་མས་མཉམ་རུབ་ཀྱིས་ནུས་པ་སྤུངས་རོགས་ཀྱི་འབོད་སྐུལ་ཞུས་འདུག

དོན་གྲུབ་དབང་ཆེན་གྱིས་༢༠༠༨ ལོར་བོད་ནང་གི་མི་ལ་རྒྱ་ནག་ནང་ཨོ་རྩལ་འགྲན་ཚོགས་སྐོར་དང་། བོད་ཀྱི་གནས་བབས་སྐོར་ལ་བཅར་འདྲི་བྱས་ཏེ། དངོས་བྱུང་གློག་བརྙན་ “འཇིགས་བྲལ་”བཟོས་པར་བརྟེན། ཁོང་ལོ་དེར་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། ཆབ་སྲིད་ཀྱི་ཉེས་མིང་འོག ལོ་༦ གི་དུས་བཀག་ཁྲིམས་ཆད་བཏང་ཡོད་པ་དང་། ༢༠༡༤ ལོའི་ཕྱི་ཟླ་༦ ཚེས་༥ ཉིན་བཙོན་འཇུག་གི་དུས་ཡུན་རྫོགས་སྟེ། གློད་གྲོལ་བཏང་བ་ཞིག་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོ་ཟླ་༡༢ པའི་ཚེས་༢༥ ཉིན་ཁོང་ཨ་རིར་འབྱོར་ཏེ་ནང་མི་དང་མཉམ་འཛོམས་ཐོབ་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོའི་ཟླ་༡༡ པའི་ཚེས་༢༡ ཉིན་ ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ། རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པས་རྒྱལ་སྤྱིའི་ནང་སྙིང་སྟོབས་ལྡན་པའི་གསར་འགོད་པ་ཚོར་ཆེ་མཐོང་གིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་མི་འདྲ་བ་བཞི་ནས་གསར་འགོད་པ་ཁག་ཅིག་ལ་གཟེངས་རྟགས་གནང་ཡོད་པ་དང་སྦྲགས། དེ་སྔོན་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་ཀྱང་། སྐབས་དེར་བཙོན་འོག་ཏུ་ཡོད་ནས་གཟེངས་རྟགས་བཞེས་མ་ཐུབ་མཁན་གཉིས་ལ་དངོས་སུ་གཟེངས་རྟགས་ཕུལ་ཡོད་པ་རེད། དེའི་ཁོངས་སུ་ཕྱི་ལོ་༢༠༡༢ ལོར་གཟེངས་རྟགས་ཐོབ་མཁན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་གྱིས་གཟེངས་རྟགས་དེ་དངོས་དུ་བཞེས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།