བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༩༠༠ ཕྱི་ལོ་ ༢༠༢༢/༦/༢༢
བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐོག་བོད་པ་ཡིན་ཚད་ལ་འགན་ཡོད་པ་དང། མི་ཁ་ཤས་ཤིག་ཁོ་ན་ལས་གཞན་དག་ལ་འགན་ཁུར་གང་ཡང་མེད་པ་ཞིག་མ་རེད། མི་གཞན་གྱིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ཀྱི་མེད་པས་ང་ལའང་འགན་འཁྲི་གང་ཡང་མེད་པ་ཞིག་མིན། མི་སོ་སོས་ཐུབ་ཚོད་ཀྱིས་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་ཐོག་ཤུགས་སྣོན་རྒྱག་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། ད་ལྟའི་དུས་འདིར་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་ནི། ལག་འཛིན་ཁ་པར་དང་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་ཡོང་གི་ཡོད། སྤྱི་ཚོགས་དྲ་ལམ་དུ་གནད་དོན་ཁ་ཤས་ཐོག་རྩོད་རྙོག་དང་འུར་ཟིང་ཧ་ཅང་ཆེ་བའི་སྐབས། བོད་ཡིག་ཅུང་ཙམ་ལས་མི་ཤེས་མཁན་དག་གིས་ཀྱང་སེམས་ཚོར་ཆེན་པོའི་ཐོག་ནས་བསམ་ཚུལ་དང་སྐྱོན་བརྗོད་བྱེད་པ་དང། ཁ་ཤས་ཀྱིས་ཟིང་སློང་ཆེད་འུར་གཏམ་འདྲ་མིན་འབྲི་སྤེལ་བྱེད་མཁན་ཡོང་གི་ཡོད་པ་དག་ཀྱང། བོད་པའི་སྤྱི་ཚོགས་ཀྱི་མཐུན་ལམ་དང་གཅིག་སྒྲིལ་ལ་གནོད་སྐྱོན་ཡོད་ཀྱང་བོད་ཡིག་ཡར་རྒྱས་ལ་ཕན་ཐོགས་ཅུང་ཙམ་ཡོད་པ་ནི་སྨྲོས་མེད་རེད།
ད་དུང་ཡིག་ཐོག་ནས་འབྲི་བ་ཁོ་ན་མ་ཡིན་པར་ངག་ཐོག་ནས་ཀྱང་སྤྱི་ཚོགས་དྲ་ལམ་བརྒྱུད་གླེང་མོལ་མང་པོ་བྱས་པས། སྐད་ཆའི་གོ་རིམ་དང། སྡེབ་སྦྱོར། གཞན་ལ་ཆེ་བསྟོད་དང་ཟུར་ཟ་བྱེད་སྟངས་སོགས་ཕྱོགས་མང་པོ་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། བོད་ཀྱི་བརྡ་དག་དང་སུམ་རྟགས་སོགས་ལ་སྦྱངས་པ་གང་ཡང་མེད་པ་མ་ཟད། འཕྲིན་ཡིག་དམ་དུམ་ཙམ་ཡང་འབྲི་མི་ཤེས་ཀྱང་རང་བཞིན་གྱི་རྣམ་དཔྱོད་ཡོད་པ་དག་གིས་དྲ་ལམ་ཁག་ཏུ་བགྲོ་གླེང་མང་པོ་བྱས་ནས། དྲ་རྒྱའི་སྤྱི་ཚོགས་སུ་མཁས་དབང་གི་ཆོ་ལོ་རག་མཁན་མང་པོ་ཡོད་པ་ནི། ཕྱོགས་གཅིག་ནས་དྲ་ལམ་ནས་འུར་རྒྱག་སྟངས་ཤིག་ཡིན་ནའང། ཕྱོགས་གཅིག་ནས་མི་དེ་དག་གིས་སྐད་ཆ་ཤོད་སྟངས་ཀྱི་ཐོག་ནས་ཡི་གེ་འབྲི་ཀློག་ལ་བྱང་ཆུབ་པ་མང་པོ་ལས་ཀྱང་སེམས་འགུལ་ཐེབས་ཆེ་བའི་ནུས་པ་ལ་བརྟེན་ནས་ཡིན། བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བར་ཡིག་ཐོག་ཁོ་ན་མ་ཡིན་པར་ངག་ཐོག་ནས་ཤོད་རྒྱུ་ཡང་ཧ་ཅང་གལ་ཆེ་བས། སྤྱི་ཚོགས་འཕྲིན་ལམ་ནི་བོད་ཀྱི་སྐད་ཡིག་ཡར་རྒྱས་རྒྱུན་འཛིན་གྱི་ཐབས་ལམ་ཡག་ཤོས་སུ་གྱུར་ཡོད།
སྤྱི་ཚོགས་འཕྲིན་ལམ་དུ་བོད་ཡིག་ཐོག་མར་འབྲི་མཁན་རེ་ཟུང་གིས་དག་ཆ་དང་འགྲོ་སྟངས་གང་ཡང་མི་ཤེས་པར་མི་ལ་ཁ་ངན་ཚིག་ངན་འབའ་ཞིག་བྲིས་ནའང། ཐད་ཀར་ཡིག་ནོར་ཡོད་པའི་སྐྱོན་བརྗོད་དང་དམའ་འབེབས་མ་བྱས་པར་ཟུར་དུ་ཡིག་ནོར་བཅོས་ཐབས་བྱས་ན་ཉན་འཇོག་བྱེད་མཁན་ཡང་ཡོད་སྲིད། མི་སེམས་ཆུང་ཁ་ཤས་ལ་སྐྱོན་བརྗོད་བྱས་པས་རང་བཞིན་གྱིས་བག་འཁུམས་ནས། དེ་ནས་བཟུང་བོད་ཡིག་འབྲི་རྒྱུའི་འདུན་པ་བརླག་འགྲོ་མཁན་མང་པོ་ཡོད་པའང་དངོས་ཡོད་ཡིན་པས། བོད་ཡིག་ཅུང་ཙམ་འབྲི་ཤེས་མཁན་དག་གིས་ལས་དང་པོ་པ་རྣམས་ལ་ཁ་རྡུང་དམའ་འབེབས་གཏོང་བ་ནི། བོད་ཀྱི་སྐད་ཡིག་དམར་གསོད་གཏོང་མཁན་གྱི་ལག་དམར་བ་ངོ་མར་གྱུར་ཡོད། རྩོམ་པ་པོ་དང་རྩོམ་སྒྲིག་པར་ཁས་འཆེ་བ་དག་གི་དག་རྡེབ་ནོར་བ་རྣམས་ལ་སྐྱོན་བརྗོད་དང་ཐེར་འདོན་བྱེད་དགོས་པ་ནི་ཀློག་མཁན་དག་གི་བཟློག་མེད་ཀྱི་འགན་འཁྲི་ཡིན་ཡང། ལས་དང་པོ་པ་རྣམས་ལ་སྐྱོན་བརྗོད་བྱེད་པ་ནི་“རི་བོང་གི་ལུས་སྟོབས་ལ་བལྟས་ནས་ཁྭ་ཏས་ཚང་རག་བྱེད་”ཅེས་པ་དང་གཅིག་མཚུངས་ཡིན།
གཞི་རིམ་སྤྱི་ཚོགས་སུ་སྐད་ཡིག་ཡར་རྒྱས་གཏོང་བ་ལ། སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་གང་ཡིན་ཡང་ཁ་གསལ་གོ་བདེ་འབའ་ཞིག་གི་ཐོག་ནས། ཤེས་བྱ་སྣ་མང་གི་སྐོར་འབྲི་དགོས་པ་དང། སྤྱི་ཚོགས་དྲ་ལམ་དུ་ཡི་གེ་འབྲི་མཁན་ལས་དང་པོ་པ་རྣམས་ལ་ཟུར་དུ་རྒྱུས་སྟོན་བྱས་ནས་སེེམས་ཤུགས་སྤར་ཐབས་བྱས་ན་ཕན་པ་ཆེ། མདོར་ན་བོད་མི་རིགས་ཀྱི་ངོ་བོ་རྒྱུན་དུ་གནས་པར་བྱེད་པ་ལ་གལ་གནད་ཆེ་ཤོས་གཅིག་བོད་ཀྱི་སྐད་ཡིག་ཡིན་པ་དང། བོད་ཀྱི་སྐད་ཡིག་ཡར་རྒྱས་རྒྱུན་གནས་ཐུབ་པར་དམའ་རིམ་སྤྱི་ཚོགས་སུ་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་ཐུབ་དགོས། ད་ལྟའི་དུས་སུ་བོད་ཀྱི་སྐད་ཡིག་ཐོག་ནས་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་ཚང་མ་སྦྱང་མི་ཐུབ་པ་མ་ཟད། དགོས་མཁོ་ཧ་ཅང་ཆེ་བའི་སྤྱི་ཚོགས་དྲ་ལམ་གྱི་གནས་ཚུལ་དག་ཀྱང་བོད་ཡིག་གི་ཐོག་ནས་ཆ་ཚང་སྦྱོང་སྤྱོད་མི་ཐུབ་པ་ནི། སྐད་ཡིག་གཞན་གྱི་ཐོག་ལ་སློབ་སྦྱོང་ཡོད་མཁན་གྱི་ཤེས་འཇོན་གཉིས་ལྡན་དག་ལ་དམིགས་བསལ་གྱི་འགན་འཁྲི་ཡོད་པས། སྟོང་ཆ་འདི་འགེངས་པར་ནུས་པ་འདོན་ཐུབ་ན་དོན་གྱིས་མཁས་པར་གྱུར་ཡོད།
མདོར་ན་བོད་པའི་སྤྱི་ཚོགས་དྲ་རྒྱའི་ནང་དུས་རྒྱུན་དོན་མེད་རྙོག་འཛིངས་ཁོ་ན་ལས་མི་འདུག་ཅེས་ཉོབ་སྣང་བྱེད་པར་རྒྱུ་མཚན་མེད་པ་མིན་ཡང། བཟང་ཕྱོགས་ཀྱི་གནས་ཚུལ་གཅིག་ཡོད་པ་ནི་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་ཕན་ཐོགས་པའི་རེ་བ་དེ་རེད། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཐོག་ནུས་པ་ཆེ་ཤོས་ནི་སྤྱི་ཚོགས་དྲ་ལམ་ཡིན་པ་ལས། མཁས་པ་ཆེན་པོ་དག་གིས་གཞུང་ཆེན་རྣམས་ལ་དཔྱད་པ་བྱས་པའི་རྩོམ་ཡིག་ཁག་ནི། ཆེད་མཁས་པ་ཁོ་ནའི་སྤྱོད་ཡུལ་ཙམ་ལས་གཞི་རིམ་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེར་མེད། མ་འོངས་པར་སྤྱི་ཚོགས་དྲ་ལམ་བརྒྱུད་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐོག་ནུས་པ་འདོན་མ་ཐུབ་པར། མཁས་པ་ཆེན་པོ་དག་གི་རྩོམ་ཡིག་ལ་རེ་བ་བརྒྱབ་བསྡད་ན་ལེགས་སྦྱར་གྱི་སྐད་ཡིག་ལྟ་བུ་དུས་ནམ་ཞིག་བེད་སྤྱོད་བྱེད་མཁན་ཧ་ལམ་མེད་པ་ལྟ་བུར་འགྱུར་ངེས་རེད། སྤྱི་ཚོགས་དྲ་ལམ་ལྟ་བུ་ལས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་གཞི་རིམ་རྨང་གཞི་བཏིང་ནས་སྤྲོ་བ་སླེབས་རྗེས་རིམ་པས་གཞུང་ཆེན་པོ་དང་རིག་གནས་ཀྱི་གཏིང་ཟབ་སར་འཇུག་ཐུབ་པའི་གོ་རིམ་བརྒྱུད་ཐུབ་པ་བྱེད་དགོས།།