དྷ་ས་གྷམ་རུ་གྲོང་གསེབ་ཏུ་བོད་མི་སྡོད་མཁན་ཇེ་མང་དུ་འགྲོ་བཞིན་འདུག
དྷ་སའི་གངས་སྐྱིད་ཉེ་འཁྲིས་ཀྱི་གྷམ་རུ་གྲོང་གསེབ་ཏུ་དེང་སྐབས་བོད་མི་སྡོད་མཁན་མང་དུ་འགྲོ་བཞིན་ཡོད་པས། རྒྱ་གར་ཁང་པ་རྒྱག་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ཁང་གླ་ཡང་ཆེན་པོ་འཕར་བཞིན་ཡོད་པ་རེད།
དྷ་སའི་གངས་སྐྱིད་ཉེ་འཁྲིས་ཀྱི་གྷམ་རུ་གྲོང་གསེབ་ཏུ་དེང་སྐབས་བོད་མི་སྡོད་མཁན་མང་དུ་འགྲོ་བཞིན་ཡོད་པས། རྒྱ་གར་ཁང་པ་རྒྱག་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ཁང་གླ་ཡང་ཆེན་པོ་འཕར་བཞིན་ཡོད་པ་རེད།
དེ་ཡང་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་གི་ས་ཁུལ་དྷ་སར་བོད་མི་མང་ཆེ་བར་རྒྱ་གར་ཡུལ་མིའི་ཁང་པ་གླས་ནས་སྡོད་ཀྱི་ཡོད་པ་རེད། མེག་གྷན་དུ་རང་ཉིད་ཀྱི་ཁང་པ་ཡོད་མཁན་བོད་མི་ཡོད་ཀྱང། དེ་གར་བོད་ནས་ཡོང་བའི་བོད་མི་དང། རྒྱ་གར་ས་ཕྱོགས་གཞན་ནས་ལས་ཀའི་ཆེད་དུའམ་རྒྱུ་མཚན་གཞན་གྱི་ཆེད་དུ་ཡོང་མཁན་བོད་མི་མང་པོ་ཞིག་རྒྱ་གར་གྱི་ཁང་པ་གཡར་ནས་སྡོད་ཀྱི་ཡོད་པ་རེད། ལོ་མང་སྔོན་མེག་གྷན་བྷག་སུའི་ལམ་ཁའི་འོག་ལ་རྒྱ་གར་གྲོང་གསེབ་ཅིག་ལ་བོད་མི་མང་པོ་སྡོད་མཁན་ཡོད་པས་མིང་ལ་ཡང་ཨ་མདོ་གྲོང་གསེབ་ཅེས་ཐོགས་པ་རེད། སྐབས་དེར་ཁུལ་དེ་ལ་སྡོད་མཁན་ཨ་མདོ་ནས་ཡོང་བའི་བོད་མི་མང་པོ་ཞིག་སྡོད་ཀྱི་ཡོད་པས་མིང་དེ་ཐོག་ཚུལ་འགྲེལ་བརྗོད་བྱེད་མཁན་ཡང་འདུག གང་ལྟར་ལོ་མང་རྗེས་བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་སོང་བ་དང། མང་པོ་ཞིག་བོད་དུ་ཕྱིར་ལོག་བྱས་པ། དེ་བཞིན་མེག་གྷན་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་ཕྱིན་ཡོད་པས། མགྲོན་ཁང་དང་ཟ་ཁང་མང་དུ་ཕྱིན་པས། ལམ་ཀ་ཆུང་ཆུང་སྟེང་དུ་གླ་འཁོར་དང་སྦག་སྦག་སོགས་མང་དུ་ཕྱིན་ཏེ། དེང་གི་ཆར་བོད་མི་མང་པོ་ཞིག་དྷ་ས་གངས་སྐྱིད་འོག་ཏུ་ཡོད་པའི་རྒྱ་གར་གྲོང་གསེབ་གྷམ་རུ་ལ་ཁང་པ་གཡར་ནས་སྡོད་མཁན་ལོ་ཤས་རིང་ནས་མང་དུ་ཕྱིན་ཡོད་པ་རེད།
དེ་ཡང་ལོ་ངོ་༡༠ ཡི་སྔོན་ནས་གྷམ་རུ་ལ་སྡོད་མཁན་བོད་མི་ཞིག་གིས་བརྗོད་པ་ལྟར་ན། ལོ་མང་སྔོན་ལ་ས་གནས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁ་ཤས་ལས་སྡོད་མཁན་མེད་པ་དང། ཁོ་ཚོ་ཡང་ལས་ཤག་ཐོབ་དུས་ཁང་པ་སྤོར་གྱི་ཡོད་པས། སྐབས་དེར་ཁང་པ་སྟོང་པ་མང་པོ་དང་ཁང་གླ་ཡང་ཆུང་ཆུང་ཡོད་འདུག ཡིན་ཡང་ཕྱི་ལོ་༢༠༡༢ དང་༢༠༡༣ བར་སྐབས་ནས། བོད་མིའི་སྒྲིག་འཛུགས་སུ་ལས་བྱེད་དང། སྨན་རྩིས་ཁང། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ལས་ཀ་བྱེད་མཁན་སོགས་ས་གནས་དེར་སྡོད་མཁན་མང་དུ་ཕྱིན་པ། དེ་བཞིན་མེག་གྷན་ལ་ཟང་ཟིང་མང་བའི་རྐྱེན་གྱིས་གྷམ་རུ་གྱི་ཁ་ཁུ་སིམ་པའི་ཁོར་ཡུག་ལོངས་སུ་སྤྱོད་ཆེད་བོད་མི་མང་པོ་ཞིག་མར་སྤོར་ཡོང་གི་ཡོད་པས། དེང་གི་ཆར་ཁང་པ་སྟོང་པ་རྙེད་དཀའ་བ་མ་ཟད། ཁང་གླ་ཡང་འཕར་གྱི་ཡོད་པ་རེད།
གྷམ་རུ་ཡི་ཡུལ་མི་རྙིང་པ་དང་ཁང་བདག་ཅུ་ནིའི་ལལ་ཌོག་ར་ནི་ཕྱི་ལོ་༡༩༥༩ ལོར་༧གོང་ས་མཆོག་གཙོས་པའི་བོད་མི་རྣམས་ཐོག་མར་དྷ་སར་འབྱོར་སྐབས། ཁོང་ལོ་ན་༧ ཡིན་པ་དང། ཁོང་གིས་དྲན་སོས་པ་ཞིག་ལ་སྐབས་དེར་བོད་མི་རྣམས་ལ་གཟུགས་པོ་བཀྲུ་བའི་ལུགས་སྲོལ་མེད་པས། གཟུགས་པོ་ལས་དྲི་མ་ངར་པོ་ཁ་ཡི་ཡོད་པ་དང་། འོན་ཀྱང་དེང་སང་བོད་མི་རྣམས་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་ཡག་པོ་ཆགས་འདུག་ཅེས་ཁོང་གི་གད་མོ་ཤོར་བཞིན་བཤད་སོང། ཁོང་གི་བརྗོད་པ་ལྟར་ན། སྔར་བོད་མི་རྣམས་ཀྱིས་རྒྱ་གར་ཡུལ་མི་ལྷན་དུ་ཁང་བཟོ་དང་ལམ་བཟོ་སོགས་ངལ་རྩོལ་ལས་ཀ་བྱེད་ཀྱི་ཡོད་པ་དང། རྗེས་སུ་དགུན་ཁར་བལ་གོས་ཚོང་ལས་འགོ་བཙུགས་ནས་དཔལ་འབྱོར་གནས་སྟངས་ཡག་ཏུ་ཕྱིན་པས། ངལ་རྩོལ་ལས་ཀ་བྱེད་རྒྱུ་མཚམས་བཞག་ཡོད་པ་རེད། ཁོང་ལ་ཁང་བརྩེགས་གཉིས་ཡོད་པ་དང་། དེའི་ནང་བོད་མི་མང་པོ་སྡོད་མཁན་བྱུང་ཡོད་པས། ད་བར་བོད་མི་དང་མཉམ་དུ་རྙོག་གྲ་ཆེན་པོ་གང་ཡང་བྱུང་མྱོང་མེད་ཀྱང། ཐེངས་ཁ་ཤས་ལ་བོད་མི་རྣམས་གྲོགས་པོ་མང་པོ་མཉམ་འཛོམས་ཐོག་ཆང་རག་བཏུང་ནས་མཚན་འཕྱི་པོར་སྐད་བརྒྱབ་ནས་སྡོད་མཁན་བྱུང་བས། ཁོང་གིས་དེ་འདྲའི་རིགས་མི་བྱེད་པའི་ཆེད་དུ་སྐད་ཆ་བཤད་མྱོང་བ་ལས། དེ་མིན་ད་བར་དཀའ་ངལ་ཆེན་པོ་འཕྲད་མྱོང་མེད་སྐོར་འགྲེལ་བརྗོད་བྱས་བྱུང།
ཁང་བདག་གཞན་ཞིག་ལ་བཅར་འདྲི་བྱས་པར། ཁོང་གིས། དེ་སྔ་བོད་མི་ཞིག་གིས་ཟླ་༣ གྱི་ཁང་གླ་མ་སྤྲད་པར་བྲོས་ཕྱིན་ཡོད་སྐོར་བརྗོད་བྱུང།
སྤྱིར་བོད་མི་རྣམས་ཀྱིས་མཚམས་རེ་མཚན་མོར་རོགས་པ་མང་པོ་འཛོམས་ནས་ཆང་རག་བཏུང་ནས་ཁྱིམ་མཚེས་སོགས་ལ་དཀའ་ངལ་སྤྲད་ཀྱི་ཡོད་པས། རྒྱ་གར་ཁང་བདག་མང་པོས་ཁང་པ་མ་གཡར་སྔོན་ནས་དེའི་རིགས་བྱེད་ཆོག་གི་མེད་སྐོར་བཤད་ཀྱི་ཡོད་པ་རེད། དེ་བཞིན་ཟླ་ཤས་སྔོན་ལ་བོད་པའི་ཕོ་གསར་ཁ་ཤས་མཚན་ལ་ཆང་རག་བཏུང་ནས་བསྡད་སྐབས། ཁང་བདག་དང་ནང་གི་བུ་རྣམས་སླེབས་ནས། ཁང་བདག་གིས་བོད་པ་ཞིག་ལ་འགྲམ་ལྕག་གཞུས་པ་ཡང་བྱུང་ཡོད་འདུག ཁང་བདག་ཁ་ཤས་ཀྱིས་བོད་མི་སྐྱེས་པ་ཁེར་རྐྱང་ལ་ཁང་པ་གཡར་འདོད་མི་བྱེད་པ་དེ་ཡང་རྒྱུ་མཚན་དེ་ལ་ཐུག་ཡོད་འདུག
གྷམ་རུ་ལ་སྡོད་མཁན་མང་ཆེ་བ་ནི་བོད་མིའི་སྒྲིག་འཛུགས་དང་སྨན་རྩིས་ཁང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ལས་ཀ་བྱེད་མཁན་གཞོན་སྐྱེས་ཡིན་པ་དང། དེ་བཞིན་རང་ཉིད་ཀྱི་ཕྲུ་གུ་དཔེ་སྟོན་སློབ་གྲྭར་གཏོང་ཆེད་དུ་གཞིས་ཆགས་ཁག་ནས་ཡོང་མཁན་ཕ་མ་ཁ་ཤས་ཀྱང་འདུག
ཁང་པ་གཡར་མཁན་མི་མང་དུ་ཕྱིན་པ་དང་བསྟུན་ཁང་གླ་ཡང་འཕར་གྱི་ཡོད་པ་རེད། ས་གནས་དེར་སྤྱི་ཡོངས་ནས་ཟླ་རེའི་ཁང་གླ་ཁང་མིག་གཅིག་ཅན་རིན་གོང་ཆུང་ཤོས་ཧིན་སྒོར་༣༠༠༠ ནས་༣༥༠༠ བར་ལ་ཡིན་པས། བོད་མིའི་སྒྲིག་འཛུགས་དང་སྨན་རྩིས་ཁང་གིས་ལས་ཤག་མ་ཐོབ་པའི་ལས་བྱེད་ཁེར་རྐྱང་ལ་ཟླ་རེའི་ཁང་གླ་ཧིན་སྒོར་༡༨༠༠ དང་བཟའ་ཚང་ཡོད་མཁན་ལ་ཧིན་སྒོར་༢༠༠༠ སྤྲོད་ཀྱི་ཡོད་འདུག་པས། ལས་བྱེད་དཔལ་འབྱོར་གནས་སྟངས་ཡག་པོ་མེད་མཁན་དག་ལ་དཀའ་ངལ་ཏོག་ཙམ་འཕྲད་ཀྱི་ཡོད་འདུག
ས་གནས་དེར་བོད་མི་མང་དུ་འགྲོ་བཞིན་ཡོད་པར་གྷམ་རུ་ལ་ལོ་༢ གྱི་སྔོན་ནས་སྡོད་མཁན་ཟླ་བ་སྒྲོལ་མས་བརྗོད་དོན། དེ་གར་སྡོད་མཁན་བོད་མི་མང་ཆེ་བ་ལས་ཀ་ཡོད་མཁན་ཤ་སྟག་ཡིན་པས། རྙོག་གྲ་བྱུང་བའི་གཞི་ཆུང་བ་ཡོད་པ་རེད། འོན་ཀྱང་བོད་མི་ཚོས་ཁང་བདག་ཚོས་ཁང་གླ་ག་ཚོད་དགོས་པ་བཤད་པ་དེ་ཚོད་ཀྱིས་སྤྲད་པ་ལས། གོང་ཆུང་དུ་གཏོང་ཐབས་མི་བྱེད་པས། ཁང་བདག་རྣམས་ཀྱིས་ཁང་གླ་སྤོར་གྱི་ཡོད་པའི་བསམ་ཚུལ་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང།
བོད་མི་གཞན་ཞིག་གིས་བོད་མི་རྣམས་མཚན་མོ་འཕྱི་པོར་ཕྱི་ལ་འཁྱམ་མི་རུང་བ་དང། མཚན་མོ་འཕྱི་པོར་རྒྱ་གར་ཁ་ཤས་ཕྱི་ལ་ཆང་རག་བཏུང་ནས་ནང་ལ་ལོག་ཡོང་གི་ཡོད་པས། ར་བཟི་དང་མཉམ་དུ་དཀའ་ངལ་འཕྲད་སྲིད་པ་དང། དེ་བཞིན་སྦག་སྦག་སོགས་ཡར་མར་གཏོང་སྐབས་རང་ཚོད་བཟུང་ནས་ཚུལ་དང་མཐུན་པའི་སྒོ་ནས་བཏང་ན་ད་བར་གྱི་ས་གནས་དེར་བོད་མི་དང་ཡུལ་མིའི་བར་གྱི་ཞི་བདེ་ལྷིང་འཇགས་དེ་མུ་མཐུད་གནས་ཐུབ་པར་བསམ་གྱི་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང།
དེ་བཞིན་དེང་སང་གྷམ་རུ་ལ་ཁང་པ་རྒྱག་རྒྱུར་འགྲན་སྡུར་ལྟ་བུ་ཆགས་ཡོད་པ་དང་། ས་ཆ་སྟོང་པ་མང་ཆེ་བར་ཁང་པ་བརྩེགས་བཞིན་ཡོད་པས། ཁང་བདག་ཅུ་ནིའི་ལལ་གྱིས་དེ་ནི་གནས་ཚུལ་ཡག་པོ་ཞིག་ཡིན་པ་དང། ས་ཁུལ་དེར་ཡར་རྒྱས་ཀྱི་རྣམ་པ་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་བྱུང། དེ་བཞིན་ཁོང་གིས་དེང་སང་བོད་པ་དང་རྒྱ་གར་ཆང་ས་རྒྱག་མཁན་མང་པོ་འདུག་པས། དེ་ནི་གནས་ཚུལ་ཡག་པོ་ཡིན་པ། ཕན་ཚུན་བརྩེ་བ་ཡོད་མཁན་རྣམས་ཆང་ས་རྒྱག་དགོས་རེད་ཅེས་བཤད་བྱུང།
མདོར་བསྡུས་ན་རྒྱ་གར་གྲོང་གསེབ་གྷམ་རུ་ལ་མེག་གྷན་ལས་ཁ་ཁུ་སིམ་པ་དང། ལས་ཀ་བྱེད་ཡུལ་གཙོ་ཆེ་བ་རྣམས་གངས་སྐྱིད་དང་དེའི་ཉེ་འཁོར་ལ་ཡོད་པས། བོད་མི་མང་པོ་ཞིག་དེ་གར་ཁང་པ་གཡར་ནས་སྡོད་ཀྱི་ཡོད་པ་རེད། བོད་པ་གཅིག་པུ་མིན་པ་ཕྱི་རྒྱལ་བ་དང་མངའ་སྡེ་གཞན་ནས་ཡོང་བའི་རྒྱ་གར་ངལ་རྩོལ་བ་མང་པོ་ཞིག་དེ་གར་སྡོད་ཀྱི་ཡོད་པ་རེད། གནས་དེར་མི་རིགས་འདྲ་མིན་དང་གཤིས་སྤྱོད་འདྲ་མིན་མང་པོ་འཛོམས་ཡོད་ཀྱང། ད་བར་འཁྲུག་པ་སོགས་རྙོག་གྲ་ཆེན་པོ་གང་ཡང་བྱུང་མྱོང་མེད་ལ། ཁ་རྩོད་སོགས་ཆུང་ཙག་རིགས་བྱུང་བ་ནི་མི་རིགས་འདྲ་མིན་སྡོད་སའི་སྤྱི་ཚོགས་ཀྱི་ཆོས་ཉིད་ཡིན་པ་རེད། གང་ལྟར་བོད་མི་རྣམས་ས་གནས་གཞན་དུ་ཁང་པ་ཡོད་ཀྱང། དེར་ལས་ཀ་མེད་མཁན། ལས་ཀ་ཡོད་ཀྱང་བོད་ནས་ཡོང་བ་ཡིན་པས་ཁང་པ་མེད་མཁན་སོགས་སྣ་མང་རྒྱ་གར་གྱི་གྲོང་གསེབ་དེ་ལ་འཛོམས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ། ༢༠༡༦།༤།༡༣