དྷ་སའི་གོར་ཁའི་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་འདུག

རྒྱ་གར་གྱི་ནུབ་བྷང་གྷལ་མངའ་སྡེའི་རྡོ་རྗེ་གླིང་གྲོང་རྡལ་དུ། གོར་ཁའི་མངའ་སྡེ་ལོགས་སུ་དགོས་པའི་ངོ་རྒོལ་ལས་འགུལ་འགྲོ་བཞིན་པ་ཡོད་ཁར། མངའ་སྡེ་མང་པོ་ཞིག་ནང་གནས་སྡོད་བྱེད་བཞིན་པའི་གོར་ཁའི་མི་མང་གིས་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཉེ་ཆར་དྷ་སའི་གོར་ཁའི་མི་མང་གིས་མངོན་འདོད་དེར་རྒྱབ་སྐྱོར་གྱི་ངོ་རྒོལ་ལས་འགུལ་ཞིག་དྷ་སར་སྤེལ་ཡོད་འདུག

རྒྱ་གར་གྱི་ནུབ་བྷང་གྷལ་མངའ་སྡེའི་རྡོ་རྗེ་གླིང་གྲོང་རྡལ་དུ། གོར་ཁའི་མངའ་སྡེ་ལོགས་སུ་དགོས་པའི་ངོ་རྒོལ་ལས་འགུལ་འགྲོ་བཞིན་པ་ཡོད་ཁར། མངའ་སྡེ་མང་པོ་ཞིག་ནང་གནས་སྡོད་བྱེད་བཞིན་པའི་གོར་ཁའི་མི་མང་གིས་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཉེ་ཆར་དྷ་སའི་གོར་ཁའི་མི་མང་གིས་མངོན་འདོད་དེར་རྒྱབ་སྐྱོར་གྱི་ངོ་རྒོལ་ལས་འགུལ་ཞིག་དྷ་སར་སྤེལ་ཡོད་འདུག

དེ་ཡང་ཟླ་༦ པའི་ཚེས་༢༨ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༦ པའི་ཚེས་༢༧ ཉིན་དྷ་སའི་ཁུལ་གྱི་གྲོང་གསེབ་༡༨ ནས་ཧི་མ་ཅལ་དང་པན་ཇབ་ཀྱི་གོར་ཁའི་ལྷན་ཚོགས་ཀྱི་མིང་ཐོག་ནས། གོར་ཁའི་མི་མང་གིས་ནུབ་བྷང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་བྱེད་ལས་ལ་ངོ་རྒོལ་དང་གོར་ཁའི་མངའ་སྡེའི་མངོན་འདོད་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཞིག རྫོང་དཔོན་ལས་ཁང་མདུན་དུ་སྤེལ་ཡོད་འདུག
ལས་འགུལ་བ་ཚོས་རྫོང་དཔོན་གཞོན་པ་བརྒྱུད་ནས་རྒྱ་གར་གྱི་སྲིད་འཛིན་ལ་གནད་དོན་དེ་མགྱོགས་པོ་སེལ་བའི་ཞུ་སྐུལ་སྙན་ཐོ་ཞིག་སྤྲད་ཡོད་འདུག

ཚོགས་པ་དེའི་ཚོགས་གཙོ་ར་ནཱ་ཡིས། གོར་ཁའི་མི་མང་གིས་རྒྱལ་ཁབ་ཀྱི་ཆེད་དུ་བརྟུལ་ཕོད་དང་བློས་གཏོང་གི་བྱ་གཞག་སྒྲུབ་ཡོད་སྐོར་ཡོངས་ཁྱབ་ཡིན་བཞིན་དུ།

ནུབ་བྷང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་གོར་ཁའི་མི་མང་ལས་འགུལ་བ་རྣམས་ལ་འཇིགས་སྐུལ་རིང་ལུགས་པའི་མིང་བཏགས་ནས་མཐོང་ཆུང་ཁྱད་གསོད་བྱས་ཡོད་པ་དང་། དེ་བཞིན་རིག་གཞུང་དང་སྐད་ཡིག་ལོགས་སུ་ཡོད་མཁན་རྣམས་ཀྱིས་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན་བཏོན་ཆོག་པ་དེ་རྩ་ཁྲིམས་དང་མཐུན་གྱི་ཡོད་པ་བཞིན། ཨུ་ཏར་ཁན་ཌེ་དང་ཏི་ལ་གྷ་ན། ཇར་ཁན་ཌེ་སོགས་ལ་མངའ་སྡེ་ལོགས་སུ་སྤྲད་ཡོད་ན། གོར་ཁའི་མངའ་སྡེའི་ལོགས་སུ་དགོས་པའི་དགོས་འདུན་དེ་ཡང་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁོང་གིས་རྡོ་རྗེ་གླིང་དུ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ལས་འགུལ་བ་གསུམ་བསད་ཡོད་པ་ནི། ངོ་རྒོལ་བ་རྣམས་ཀྱི་འབོད་སྒྲ་བཙན་གནོན་བྱེད་ཆེད་ཀྱི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་འདུག

ལས་འགུལ་བ་རྣམས་ཀྱིས་བྷང་གྷལ་སྐད་ཡིག་དེ་རྡོ་རྗེ་གླིང་གི་སློབ་གྲྭ་ཁག་ནང་དགོས་ངེས་ཅན་གྱི་སློབ་ཚན་བཟོས་པ་ལ་ཡང་ངོ་རྒོལ་བྱས་ཡོད་པ་རེད་འདུག

ཟླ་༦ པའི་ནུབ་བྷང་གྷལ་མངའ་སྡེའི་སྲིད་གཞུང་གིས། མངའ་སྡེའི་སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་བྷང་གྷལ་སྐད་ཡིག་ངེས་པར་སློབ་དགོས་པའི་བཀའ་ཁྱབ་བཏང་རྐྱེན། ཁུལ་དེའི་གོར་ཁ་མི་མང་བཅིངས་གྲོལ་འཐབ་ཕྱོགས་ཚོགས་པའི་འགོ་ཁྲིད་འོག བལ་པོའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་མི་མང་མང་མོས་ཡིན་པའི་རྡོ་རྗེ་གླིང་མི་མང་གིས་ཟླ་༦ པའི་ཚེས་༨ ཉིན་ནས་བཀའ་ཁྱབ་དེར་ངོ་རྒོལ་དང་ཁོ་ཚོར་གོར་ཁའི་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

ངོ་རྒོལ་ཁྲོད་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་གདོང་ཐུག་བྱུང་ནས། ངོ་རྒོལ་བ་༣ ཡི་ཚེ་སྲོག་ཤོར་ཡོད་པ་དང་། ངོ་རྒོལ་བ་ཚོས་ཉེན་རྟོག་པའི་རླངས་འཁོར་མེར་སྲེག་པ་སོགས་བྱས་ཏེ་གནས་སྟངས་ཛ་དྲག་ཆགས་པས། དམག་མི་བསྐོ་བཞག་བྱེད་དགོས་པ་ཆགས་ཡོད་འདུག

ཚོགས་པ་དེས་ཁུལ་དེ་ནས་དམག་མི་ཕྱིར་འཐེན་མ་བྱས་བར། རྡོ་རྗེ་གླིང་དུ་མི་མང་གི་འགྲོ་བསྐྱོད་བཀག་སྡོམ་བྱེད་དགོས་པའི་ཐག་གཅོ་བྱས་རྐྱེན། ད་ལྟའི་ཆར་ཟ་ཁང་དང་ཚོང་ཁང་། ལས་ཁུངས་སོགས་སྒོ་བརྒྱབ་ཡོད་འདུག་པ་དང་། དེ་གར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་འཁར་ནས་བསྡད་ཡོད་འདུག

རྡོ་རྗེ་གླིང་དུ་གོར་ཁའི་མངའ་སྡེ་ལོགས་སུ་དགོས་པའི་དྲག་པོའི་ངོ་རྒོལ་ལས་འགུལ་ཁྱབ་ཆེན་པོ་ཞིག གོར་ཁ་རྒྱལ་ཡོངས་བཅིངས་གྲོལ་འཐབ་ཕྱོགས་ཚོགས་པས་འགོ་ཁྲིད་འོག ཕྱི་ལོ་༡༩༨༦ ལོར་སྤེལ་ཡོད་པ་དང་། སྐབས་དེར་མི་གྲངས་༡༢༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། དེ་རྗེས་ཕྱི་ལོ་༡༩༨༨ ལོར་རྒྱ་གར་དབུས་གཞུང་གིས་ཁུལ་དེར་རང་དབང་ཅན་གྱི་ས་གནས་ཀྱི་གྲོས་ཚོགས་ཤིག་བསྐོ་གཞག་བྱས་ནས། དེ་ལ་རྡོ་རྗེ་གླིང་རྫོང་ལ་ཕྱེད་རང་སྐྱོང་གི་དབང་ཚད་སྤྲད་པས། ངོ་རྒོལ་མཚམས་བཞག་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༠༧ ལོར་ཁུལ་དེའི་ཆབ་སྲིད་ཚོགས་པ་གསར་པ་གོར་ཁ་མི་མང་བཅིངས་གྲོལ་འཐབ་ཕྱོགས་ཚོགས་པས། གོར་ཁའི་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན་བཏོན་པས། ཕྱི་ལོ་༢༠༡༡ ལོར་ཚོགས་པ་དེས་རྒྱ་གར་དབུས་དང་མངའ་སྡེ་གཞུང་མཉམ་དུ་ཁུལ་དེར་ཕྱེད་རང་སྐྱོང་གི་དབང་ཚད་ཡོད་པའི་གོར་ཁའི་ས་ཁུལ་འཛིན་སྐྱོང་ཞིག་འཛུགས་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།