དྷ་སའི་བོད་མིའི་ཡིག་ཆ་ཁག་ཅིག་དྲ་རྒྱ་བརྒྱུད་ཐོ་འགོད་བྱ་རྒྱུ་རེད་འདུག
རྒྱ་གར་ཧི་མ་ཅལ་ཀང་ར་རྫོང་གི་ཁྱབ་ཁོངས་སུ་ཡོད་པའི་བོད་མི་ཚོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་དེབ་(RC) གསར་བཟོ་དང་། བོར་བརླགས་སོང་བ་བསྐྱར་དུ་ཐོ་འགོད། ཕྱི་སྐྱོད་དང་ཕྱིར་ལོག་གི་ཆོག་ཆན་རྣམས་དྲ་ལམ་རྒྱུད་གསར་བཟོ་བྱེད་འཆར་ཡོད་པ་རེད།
རྒྱ་གར་ཧི་མ་ཅལ་ཀང་ར་རྫོང་གི་ཁྱབ་ཁོངས་སུ་ཡོད་པའི་བོད་མི་ཚོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་དེབ་(RC) གསར་བཟོ་དང་། བོར་བརླགས་སོང་བ་བསྐྱར་དུ་ཐོ་འགོད། ཕྱི་སྐྱོད་དང་ཕྱིར་ལོག་གི་ཆོག་ཆན་རྣམས་དྲ་ལམ་རྒྱུད་གསར་བཟོ་བྱེད་འཆར་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༣ ཉིན་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཕར་ཀུན་དགའ་བཀྲ་ཤིས་དང་། དྷ་ས་ས་གནས་བདེ་སྲུང་ཡན་ལག་འགན་འཛིན་འཇིགས་མེད་གཉིས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་གར་གཞུང་གི་ཁྲིམས་ལུགས་གཞིར་བཟུང་བྱས་ན། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་(RC) དེ་ལོ་༡༦ ཡན་ཚང་མར་བཟོ་དགོས་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་གར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱོད་སྐབས། ཐོག་མ་ཕྱི་བསྐྱོད་ཐོངས་མཆན་(EXIT PERMI) དང་། ཕྱིར་ལོག་བྱེད་པའི་ཐོངས་མཆན་ལག་ཁྱེར་(RETURN VISA) ཉེན་རྟོགས་པས་ནག་ཉེས་མེད་པའི་ངོས་སྦྱོར་(PCC )ཞེས་པ་ས་གནས་རྒྱ་གར་སྐོར་སྲུང་ལས་ཁུངས་བརྒྱུད་ཞུ་དགོས་ཀྱི་ཡོད་པ་རྣམས་དོ་བདག་འབྲེལ་ཡོད་ལས་ཁུངས་རིམ་པར་ངོ་བཅར་དགོས་ཀྱི་ཡོད་ནའང་། ད་ལྟ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀ་ར་རྫོང་གི་ཁྱབ་ཁོངས་སུ་ཡོད་པ་རྣམས་དྲ་ལམ་བརྒྱུད་དེབ་སྐྱེལ་བྱ་རྒྱུའི་ཆ་རྐྱེན་གསར་བཟོ་བྱེད་གཏན་ཁེལ་ཡོད་པ་རེད།
སྐྱབས་བཅོལ་ལག་ཁྱེར་གསར་བཟོ་དང་། རྙིང་པ་འབོར་བརླག་ཕྱིན་ནས་བསྐྱར་བཟོ་དགོས་མཁན་ཚོས་དྲ་ཐོག་ནས་ཐད་ཀར་དེབ་སྐྱེལ་བྱེད་རྒྱུ་༢༠༡༥ ལོའི་ཕྱི་ཟླ་༣ ཚེས་༡༤ ནས་འགོ་འཛུགས་བྱས་ཡོད་པ་རེད། ཕྱི་བསྐྱོད་ལག་ཁྱེར་རིགས་གང་མགྱོགས་དྲ་ལམ་བརྒྱུད་དེབ་སྐྱེལ་བྱེད་འཆར་ཡོད་པ་དང་། རིམ་པས་རྒྱ་གར་རྒྱལ་ཡོངས་ནང་གཅིག་མཚུངས་ཡོང་ཐབས་བྱེད་རྒྱུ་ཡིན་པ་རེད།
དེབ་སྐྱེལ་བྱེད་ཕྱོགས་དྷ་ས་བོད་མིའི་བདེ་སྲུང་ཡན་ལག་ལས་ཁུངས་སུ་གནས་འདྲི་བྱེད་ཆོག་གི་ཡོད་པ་མ་ཟད། དྲ་ཐོག་ནས་དེབ་སྐྱེལ་བྱེད་རྒྱུར་དཀའ་ངལ་ཡོད་རིགས་ལ་ལས་ཁུངས་དེ་ནས་རོགས་རམ་བྱེད་རྒྱུ་ཡིན་པ་རེད། དེབ་སྐྱེལ་བྱེད་ཕྱོགས་http://indianfrro.gov.in/frro/ དྲ་ལམ་འདིའི་ཐོག་ཞིབ་ཕྲ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།