དྷ་སའི་ས་གནས་འགོ་འཛིན་གསར་པ་འདེམས་ཐོན་བྱུང་འདུག
ཟླ་འདིའི་ཚེས་༢༡ ཉིན་དྷ་རམ་ས་ལའི་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་བྱས་ཡོད་པ་དང་། འོས་མི་ཀུན་དགའ་ཚེ་རིང་ལ་འོས་གྲངས་༦༠༥ ཐོབ་ནས་ས་གནས་འགོ་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད།
ཟླ་འདིའི་ཚེས་༢༡ ཉིན་དྷ་རམ་ས་ལའི་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་བྱས་ཡོད་པ་དང་། འོས་མི་ཀུན་དགའ་ཚེ་རིང་ལ་འོས་གྲངས་༦༠༥ ཐོབ་ནས་ས་གནས་འགོ་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད།
ཐེངས་འདིའི་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུའི་ནང་འོས་ཤོག་འཕེན་མཁན་མི་༡༡༢༩ བྱུང་བའི་ནང་ནས་ ཕ་ཡུལ་ས་སྐྱ་ནས་ཡིན་པའི་ཀུན་དགའ་ཚེ་རིང་ལ་འོས་༦༠༥ དང་། ཕ་ཡུལ་ཉག་རོང་ནས་ཡིན་པའི་འཕྲིན་ལས་བྱམས་པ་ལ་༥༠༧། འོས་ཤོག་༡༧ རྩིས་མེད་ཆགས་ཡོད་པ་རེད།
ས་གནས་འགོ་འཛིན་འོས་བསྡུའི་སྐབས་ས་གནས་ཀྱི་མི་གྲངས་ལ་དཔག་པའི་འོས་འཕེན་མཁན་ཧ་ཅང་ཉུང་ཉུང་ཆགས་ཡོད་པ་དང་། ས་གནས་འགོ་འཛིན་གྱི་འོས་འཕེན་གྱི་ཐོབ་ཐང་ཡོད་མཁན་དྷ་སར་མི་གྲངས་ག་ཚོད་ཡོད་མེད་སྐོར་ས་གནས་འགོ་འཛིན་ལས་ཐོག་ཟླ་བ་རིན་ཆེན་ལ་དྲིས་པར། ཁོང་གིས། འོས་འཕེན་གྱི་ཐོབ་ཐང་ཡོད་མཁན་༦༠༠༠ བརྒལ་གྱི་རེད། སྐྱབས་བཅོལ་ལག་དེབ་དྷ་སར་དེབ་སྐྱེལ་བྱེད་མཁན་༩༠༠༠ རེད་ཅེས་དང་། ས་གནས་མི་མང་གིས་འགན་མ་ཁུར་པ་དང་། བསམ་བློ་དང་སྤྱི་སེམས་མེད་པ་རེད། དེ་མིན་སོ་སོའི་སྒེར་དོན་ཡོད་ན་ས་གནས་འགོ་འཛིན་ལས་ཁང་ལ་ཡོང་གི་རེད་ལ། མ་འགྲིག་པ་བྱུང་བའི་གནས་ཚུལ་ལ་ཚང་མས་ཁ་རྡུང་གཏོང་གི་རེད། ས་གནས་འགོ་འཛིན་དངོས་སུ་བསྐོ་མཁན་ས་གནས་ཀྱི་མི་མང་བརྒྱ་ཆ་ཉི་ཤུ་སུམ་ཅུ་ཆགས་ཡོད་རེད་ཅེས་གསུངས་སོང་།
གཞིས་ཆགས་ཁག་གཞན་དང་མ་འདྲ་བར་དྷ་སར་མི་མང་ཁ་འཐོར་དང་རང་ཁ་རང་གསོ་ཡིན་པས། ས་གནས་འགོ་འཛིན་ལས་ཁང་དང་འབྲེལ་བ་དེ་ཙམ་མེད་སྐོར་འདུག་པས། དེའི་ཐོག་དགོངས་ཚུལ་གང་ཡོད་དྲིས་པར། ཟླ་བ་རིན་ཆེན་གྱིས། འབྲེལ་བ་མེད་པ་མ་རེད། ཉམས་ཐག་ལ་ལྟ་སྐྱོང་དང་། སློབ་ཡོན། རྒྱབ་གཉེར་ཡིག་ཆ་ལེན་དགོས་པ་སོགས་ལས་ཀ་ག་རེ་ཡོད་ན་ས་གནས་འགོ་འཛིན་ལས་ཁུངས་ལ་ཡོང་གི་ཡོད་རེད་ལ། ས་གནས་སུ་དཀའ་ངལ་ག་རེ་འཕྲད་ནའང་ས་གནས་འགོ་འཛིན་ལས་ཁང་ནས་ལས་ཀ་བྱེད་ཀྱི་ཡོད་རེད། ཉིན་ལྟར་ལས་ཁང་ནང་བསྡད་ཡོད་རེད། སྐད་ཆ་དེ་ཚོ་འགན་མ་ཁུར་བའི་རྟགས་རེད་ཅེས་གསུངས་སོང་།
ས་གནས་འགོ་འཛིན་འོས་བསྡུ་ལ་དོ་སྣང་དེ་ཙམ་མེད་པ་དང་། ས་གནས་འགོ་འཛོན་གཞུང་གིས་བསྐོས་ནའང་རེད། འོས་བསྡུ་བྱས་ནའང་རེད། རྒྱབ་གཉེར་ཡིག་ཆ་དགོས་རིགས་རག་གི་རེད། དེ་མིན་ས་གནས་འགོ་འཛིན་སུ་ཡིན་ནའང་ང་ཚོར་ཁྱད་པར་གང་ཡང་ཡོད་པ་མ་རེད་ཟེར་མཁན་ཡང་འདུག
འོས་ཐོབ་ཀུན་དགའ་ཚེ་རིང་སློབ་ཐོན་རྗེས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་གནང་ཡོད་པ་དང་། ཁོང་གིས། ས་གནས་འགོ་འཛིན་ཐོབ་པར་དགའ་པོ་བྱུང་ལ། ལས་ཀ་གཞི་རྒྱ་ཆེན་པོ་རེད་དེ། སོ་སོ་ལྷག་བསམ་རྣམ་དག་ཡིན་པས། ལམ་ལྷོང་མ་ཡོང་པ་ཡོང་གི་རེད་བསམ་གྱི་མེད་ལ། གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་དང་། བཅའ་ཁྲིམས་ཀྱི་དགོངས་དོན། ལས་བྱེད་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ལས་ཀ་བྱེད་དགོས་བསམ་ཡོད། མི་སུ་ཞིག་ལས་ཁང་ལ་ཞུ་གཏུག་བྱེད་སར་ཡོང་ན་དབྱེ་འབྱེད་མེད་པར་ལྟ་སྐྱོང་བྱེད་ཀྱི་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ས་གནས་འགོ་འཛིན་འོས་བསྡུ་བྱེད་དགོས་ཀྱི་ཡོད་ནའང་། ས་གནས་མང་ཆེ་བར་འོས་བསྡུ་མ་ཐུབ་པར། བོད་མིའི་སྒྲིག་འཛུགས་ནས་ཐད་ཀར་ས་གནས་འགོ་འཛིན་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།