དྷ་སར་དྲུག་བཞིའི་དོན་རྐྱེན་དྲན་གསོའི་བགྲོ་གླེང་འཚོགས་སོང་།
ལོ་མང་རིང་ནས་དྷ་སར་བོད་མི་ལས་འགུལ་བ་ཚོས་གནམ་སྡེ་སྒོ་མོའི་དོན་རྐྱེན་དྲན་གསོའི་ལས་འགུལ་སྤེལ་གྱི་ཡོད་པས། ཐེངས་འདིར་ཟླ་༥ པའི་ཚེས་༣༠ ཉིན་འདི་ལོར་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་༣༠ འཁོར་རྒྱུ་ཡོད་པ་དང་བསྟུན། ལོ་ངོ་༣༠ རྗེས་ཀྱི་རྒྱ་ནག་གི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཉིས་ཀྱིས་གོ་སྒྲིག་བྱས་སོང་།
ལོ་མང་རིང་ནས་དྷ་སར་བོད་མི་ལས་འགུལ་བ་ཚོས་གནམ་སྡེ་སྒོ་མོའི་དོན་རྐྱེན་དྲན་གསོའི་ལས་འགུལ་སྤེལ་གྱི་ཡོད་པས། ཐེངས་འདིར་ཟླ་༥ པའི་ཚེས་༣༠ ཉིན་འདི་ལོར་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་༣༠ འཁོར་རྒྱུ་ཡོད་པ་དང་བསྟུན། ལོ་ངོ་༣༠ རྗེས་ཀྱི་རྒྱ་ནག་གི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཉིས་ཀྱིས་གོ་སྒྲིག་བྱས་སོང་།
གཏམ་བཤད་སྐབས་སུ་གནམ་སྡེ་སྒོ་མོའི་མང་གཙོའི་ལས་འགུལ་གྱི་ཤུགས་རྐྱེན། རྒྱ་ནག་གི་དབང་ཤུགས་དང་དེའི་ཉེན་ཁ། དེ་བཞིན་རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་ལ་བརྟེན་ནས་གོ་སྐབས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་དྲིས་ལན་བྱས་སོང་།
བགྲོ་གླེང་ཐོག་ཏུ་གཏམ་བཤད་བྱེད་མཁན་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་འཐབ་རྩོད་པ་ཐེན་པའོ་དང་། ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་ཡན་ལག་ས་ཀཱར་བྷོ་རོའི་མཐོ་སློབ་ཁང་གི་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་འཆི་མེད་ལྷ་མོ། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཞིབ་འཇུག་དང་ཐབས་ཇུས་སློབ་སྟོན་པ་བསྟན་རྡོར། རྩོམ་པ་པོ་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་བཅས་མགྲོན་འབོད་བྱས་འདུག་པ་དང་། བོད་མི་མང་སྤྱི་འཐུས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་ཚེ་བསྟན་གྱིས་བགྲོ་གླེང་གཙོ་སྐྱོང་བྱས་སོང་།
དེ་ཡང་རྡོ་རྗེ་ཚེ་བསྟན་གྱིས་བཙན་བྱོལ་བོད་མིའི་བོད་དོན་འཐབ་རྩོད་ཀྱི་ལྟེ་གནས་དྷ་སར་ལོ་མང་རིང་ནས། གནམ་སྡེ་སྒོ་མོའི་མང་གཙོའི་ལས་འགུལ་ཆེན་མོ་དང་རྒྱ་ནག་གཞུང་གིས་ལས་འགུལ་བ་རྣམས་ལ་ཕྱི་ལོ་༡༩༨༩ ལོའི་ཟླ་༦ པའི་ཚེས་༤ ཉིན་དྲག་གནོན་དང་དམར་གསོད་བྱས་པའི་དོན་རྐྱེན་དེ་དྲན་གསོ་བྱེད་ཀྱི་ཡོད་པ་དང་། དེ་ཡང་རྒྱ་རིགས་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་བོད་མི་ཚོ་ལ་ཡང་རྒྱ་ནག་གཞུང་འོག་ནས་རང་དབང་དང་མང་གཙོ་འཐབ་རྩོད་བྱེད་མཁན་བོད་མི་གཅིག་པུ་མིན་པར། རྒྱ་རིགས་མི་མང་ཡང་ཡོད་པའི་གོ་རྟོགས་སྤེལ་ཆེད་ཡིན་སྐོར་བརྗོད་ནས། གཏམ་བཤད་པ་རྣམས་ཀྱི་ངོ་སྤྲོད་སྙིང་བསྡུས་བྱས་སོང་།
རྒྱ་རིགས་ཐེན་པའོ་ཡིས་ཕྱི་ལོ་༡༩༨༩ ལོའི་སློབ་མས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་ཆེན་མོར། རྒྱ་ནག་གཞུང་གིས་དྲག་གནོན་དང་ལས་འགུལ་བ་མང་པོ་དམར་གསོད་བྱས་པའི་རྗེས་སུ། ཐོག་མར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱ་ནག་ལ་དཔལ་འབྱོར་ཉེས་ཆད་སོགས་བཅད་ཡོད་ཀྱང་། ཡུན་རིང་མ་འགོར་བར་ཨ་རི་སོགས་ཀྱིས་རྒྱ་ནག་གཞུང་དང་འབྲེལ་ལམ་བསྐྱར་གསོ་བྱས་ཏེ། རྒྱ་ནག་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཚུར་བཀུག་ཡོད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱ་ནག་ནང་གི་ཁྲོམས་ར་སོགས་ལ་དམིགས་ནས་རྒྱ་ནག་ལ་སྤྲེལ་ལད་ཆེན་པོ་བྱས་པར། རྒྱ་ནག་གཞུང་གིས་གོ་སྐབས་དམ་འཛིན་གྱིས་དཔལ་འབྱོར་ཡར་རྒྱས་དང་དབང་ཤུགས་རྒྱ་བསྐྱེད་ཆེན་པོ་བྱས་ཏེ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་འཕྲུལ་ཆས་ལ་བརྟེན་ནས་རྒྱ་ནག་གི་སྤྱི་ཚོགས་སྟངས་འཛིན་དམ་དྲག་དང་། དེ་བཞིན་རྒྱལ་སྤྱིའི་ནང་དཔལ་འབྱོར་སོགས་ཀྱི་དབང་ཤུགས་བཀོལ་སྤྱོད་ཀྱིས། གནོན་ཤུགས་དང་སྟངས་འཛིན་ཆེན་པོ་བྱེད་བཞིན་ཡོད་པས། ད་ལྟའི་རྒྱ་ནག་ནང་གི་འཇིགས་སྣང་ཅན་གྱི་གནས་སྟངས་དེ་མ་འོངས་པར་འཛམ་གླིང་ཡོངས་ལ་ཁྱབ་པའི་ཉེན་ཁ་ཡོད་པས། དེང་གི་ཆར་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དང་འབྲེལ་ལམ་དང་ཁ་གཏད་གཅོག་ཆེད། ཐབས་བྱུས་གསར་པ་བཀོལ་སྤྱོད་བྱེད་བཞིན་པའི་སྐོར་གཏམ་བཤད་བྱས་སོང་།
རྗེས་སུ་ཟུར་ཉན་པ་ཞིག་གིས་ཁོང་ལ་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གིས། རྒྱ་ནག་གི་ངོ་གདོང་ངོ་མ་དེ་ངོས་འཛིན་ཐུབ་ནས་འབྲེལ་ལམ་དང་ཁ་གཏད་གཅོག་ཆེད་དུ་ཐབས་བྱུས་གསར་པ་བཀོལ་སྤྱོད་བྱེད་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་སྲིད་བྱུས་དེར་འགྱུར་བ་མུ་མཐུད་ནས་ནུས་པ་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་དྲིས་སྐབས། ཁོང་གིས་དབུ་མའི་ལམ་སྲིད་བྱུས་དེ་ཡག་པོ་མེད་པ་ཞིག་མིན་ཡང་། རྒྱ་ནག་དམར་ཤོག་གཞུང་གི་ཁས་ལེན་ལ་ནམ་ཡང་ཡིད་ཆེས་བྱེད་མི་རུང་བ་ཞིག་ཡིན་ཁར། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པས། རང་བཙན་འཐབ་རྩོད་བྱེད་ན་འགྲིག་གི་ཡོད་སྐོར་ལན་འདེབས་བྱས་སོང་།
བསྟན་འཛིན་བརྩོན་འགྲུས་ཀྱིས་དྲུག་བཞིའི་དོན་རྐྱེན་བྱུང་སྐབས། བོད་མི་ཚོའི་ནང་དུ་དགྲ་བོ་རྒྱ་ནག་གཞུང་དང་མི་མང་བར་དབྱེ་བ་ཕྱེ་ཐུབ་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་མི་མང་ནང་རང་དབང་དང་མང་གཙོའི་འཆར་སྣང་མེད་མཁན་མང་པོ་ཞིག་ཡོད་ཀྱང་། བོད་མི་རྣམས་ལ་རང་དབང་དང་མང་གཙོ། དེ་བཞིན་གདེངས་ཚོད་ཀྱང་ཡོད་པ་རེད། དེ་བཞིན་དྲུག་བཞིིའི་དོན་རྐྱེན་དེ་ད་ལྟའི་རྒྱ་ནག་ནང་གི་གནས་སྟངས་དང་འབྲེལ་བ་ཆེན་པོ་ཡོད་ཁར། མ་འོངས་པར་གང་འདྲ་འབྱུང་སྲིད་པ་དང་ཡང་འབྲེལ་བ་ཤུགས་ཆེན་ཡོད་པས། རྒྱ་ནག་གི་མང་གཙོའི་ལས་འགུལ་བ་རྣམས་བོད་མི་དང་མཉམ་དུ་ནུས་པ་མཉམ་སྤུང་གིས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་པར་ཡོང་བར་དགའ་བསུ་ཡོད་ཀྱང་། རྒྱ་རིགས་ལས་འགུལ་བ་ཁག་ཅིག་གིས་རྒྱ་ནག་མང་གཙོ་ཆགས་དུས་བོད་དེ་རྒྱ་ནག་ཁོངས་སུ་གནས་དགོས་པ་བརྗོད་མཁན་ཡོད་པ་རྣམས་ལ་ངོས་ལེན་ནམ་ཡང་བྱེད་ཐབས་མེད་སྐོར་བརྗོད་སོང་།
འཆི་མེད་ལྷ་མོས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་དང་དཀའ་ངལ་ལ་གདོང་ལེན་གང་འདྲ་བྱས་པ། དེ་བཞིན་ཉེ་ཆར་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་སྐབས། རྒྱ་ནག་གཞུང་གི་བརྒྱུད་སྐུལ་ཡིན་པའི་ངེས་པ་ཆེན་པོ་ཡོད་པའི་རྒྱ་རིགས་སློབ་མ་དང་དྲ་འབུ་མང་པོ་ཞིག་གིས། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་ལ་སྡིགས་བསྐུལ་ཚབས་ཆེན་བྱས་ཡོད་ཀྱང་། སེམས་ཤུགས་ཆགས་མེད་ཁར། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་ནང་དུ། ད་དུང་ཡང་རྒྱ་ནག་གི་ཀུང་ཙེ་ལྟེ་གནས་མང་པོ་ཞིག་ཡོད་ཁར། དེ་དག་སྒོ་རྒྱག་ཆེད་དུ་སེམས་ཤུགས་མ་ཆགས་པར་མུ་མཐུད་ལས་འགུལ་སྤེལ་དགོས་ཀྱི་ཡོད་པ། རྒྱ་ནག་གི་དབང་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པས། བོད་མིའི་འགོ་ཁྲིད་ཚོས་མི་རབས་གཞོན་པ་ཚོར་ཡིད་ཆེས་བྱས་ཏེ། སྐྱེད་སྲིང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།
བཀྲ་ཤིས་ཚེ་རིང་གིས་ཁོང་ཐོག་མར་ཐའེ་ཝན་ནང་སླེབས་དུས་བོད་ཀྱི་འཐབ་རྩོད་ལས་འགུལ་གྱི་གནས་སྟངས་དང་། ད་ལྟའི་ཆར་རྒྱབ་སྐྱོར་བྱེད་མཁན་ལྡབ་མང་པོ་ཆེ་རུ་སོང་བ། ཁོང་གིས་ལས་འགུལ་འགོ་འཛུགས་སྐབས་ཀྱི་དཀའ་ངལ་སོགས་ཀྱི་སྐོར་དང་། ད་ལྟའི་ཆར་ཧོང་ཀོང་ནས་རྒྱ་ནག་ཏུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ཀྱི་གནད་དོན་ལ་བརྟེན་ནས། དེ་སྔོན་ལྟར་ཁོང་ཧོང་ཀོང་དུ་ལས་འགུལ་ནང་མཉམ་ཞུགས་ཆེད་འགྲོ་བར་ཉེན་ཁ་ཆེན་པོ་ཆགས་ཡོད་པ། དེ་བཞིན་དེང་གི་ཆར་ཐའེ་ཝན་ནང་གཞུང་འཛིན་སྲིད་གཞུང་གསར་པ་སླེབས་ནས་འགྱུར་ལྡོག་ཆེན་པོ་སོང་ཡོད་ཁར། བོད་སོག་ལས་ཁུངས་ཀྱང་སྒོ་བརྒྱབ་ཟིན་པས། བོད་མིའི་སྒྲིག་འཛུགས་ཀྱིས་ཐའེ་ཝན་དང་འབྲེལ་བ་བྱེད་པར་ཡང་ལམ་ཁ་ཡོད་པ། བོད་མི་ཚོས་ནང་ཁུལ་གྱི་ལངས་ཕྱོགས་ལ་བརྟེན་ནས་ནང་འཁྲུག་མི་རྒྱག་རྒྱུ་གལ་ཆེན་ཡིན་ཁར། གཞོན་སྐྱེས་ཚོས་བོད་མིའི་ལས་འགུལ་ལ་ནུས་པ་ཆེན་པོ་ཞིག་སྤུང་བཞིན་ཡོད་པར་སེམས་འགུལ་ཆེན་པོ་ཐེབས་སྐོར་བརྗོད་སོང་།
བསྟན་རྡོར་གྱིས་ད་ལྟའི་ཆར་རྒྱ་ནག་དེ་ནི་རྒྱལ་ཁབ་ཀྱི་ངོ་བོ་ཞིག་ཏུ་གནས་མེད་པར། རྒྱ་བསྐྱེད་རིང་ལུགས་ཀྱི་རྒྱལ་ཁམས་ཤིག་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་དབང་ཤུགས་བཀོལ་སྤྱོད་བྱས་ཏེ་༧གོང་ས་མཆོག་གི་མཛད་འཕྲིན་ཁག་ལ་ཡང་གེགས་བར་ཆད་ཏོག་ཙམ་བཟོ་ཐུབ་ཡོད་ཁར། ཡུ་གུར་མི་རིགས་ས་ཡ་ཁ་ཤས་བཀག་ཉར་འོག་དཀའ་སྡུག་མྱངས་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་མང་ཆེ་བ་དང་ལྷག་པར་ཁ་ཆེའི་རྒྱལ་ཁབ་ཁག་ཀྱང་དེའི་སྐོར་ལ་སྐྱོན་བརྗོད་བྱེད་ཐུབ་མཁན་མེད་པ་དེ་ལས། རྒྱ་ནག་གི་དབང་ཤུགས་ཀྱི་ནུས་པ་ར་འཕྲོད་ཆགས་ཀྱི་ཡོད་པས། རྒྱ་ནག་གི་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་པ། འོན་ཀྱང་རྒྱ་ནག་གི་དབང་ཤུགས་ལོག་སྤྱོད་ལ་བརྟེན་ནས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ཕར་རྒོལ་བྱེད་འགོ་བཙུགས་བཞིན་ཡོད་པས། ཕྱོགས་མང་པོ་ཞིག་ནས་བལྟས་ན་ད་ལྟའི་རྒྱ་ནག་གི་སྟོབས་ཤུགས་དེ་ཉེན་ཁ་ཆེན་པོ་ཞིག་གི་གནས་སུ་ལྷག་ཡོད་པས། གོ་སྐབས་ཀྱང་ཆེན་པོ་ཞིག་ཡོད་སྐོར་བརྗོད་སོང་།
ཟུར་ཉན་པ་ཞིག་གིས་གཏམ་བཤད་པ་དང་རྒྱུན་དུ་ནས་མི་ཁག་ཅིག་གིས། གནམ་སྡེ་སྒོ་མོའི་མང་གཙོའི་ལས་འགུལ་དང་བོད་མིའི་འཐབ་རྩོད་གཉིས་འདྲ་མཚུངས་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། དོན་དངོས་སུ་དེ་གཉིས་ཀྱི་མཐའ་གཅིག་ཏུ་མི་འདྲ་བ་ཡིན་པ། བོད་ཀྱི་འཐབ་རྩོད་དེ་རང་གི་རྒྱལ་ཁབ་ཤོར་ནས་རྒྱལ་ཁབ་བསྐྱར་གསོའི་ཆེད་རྒྱ་ནག་གཞུང་ལ་འཐབ་རྩོད་བྱེད་ཀྱི་ཡོད་ཁར། གནམ་སྡེ་སྒོ་མོའི་ལས་འགུལ་དེ་ནི་རྒྱ་རིགས་ཚོས་རང་གི་རྒྱལ་ཁབ་ཀྱི་གཞུང་ལ་མང་གཙོའི་རང་དབང་འཐབ་རྩོད་བྱས་པ་ཞིག་ཡིན་པས། གཞོན་སྐྱེས་ཚོར་འཐབ་རྩོད་མི་འདྲ་བ་དེ་གཉིས་ཀྱི་སྐོར་གོ་རྟོགས་གསལ་པོ་བཟོ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གྱི་བསམ་ཚུལ་སྤེལ་སོང་།
དེང་གི་ཆར་ཐའེ་ཝན་དང་ཧོང་ཀོང་། དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ཁག་ཏུ་དྲུག་བཞིའི་དོན་རྐྱེན་དྲན་གསོའི་ལས་འགུལ་སྤེལ་བཞིན་ཡོད་ཁར། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཡང་སྐབས་དེའི་གནད་དོན་དང་འབྲེལ་བའི་བརྙན་ཐུང་དང་གནས་ཚུལ་མང་པོ་ཞིག་སྤེལ་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།