དྷ་སར་བོད་ཀྱི་ཞོ་སྟོན་ཐེངས་༢༥ དབུ་འཛུགས་བྱས་སོང་།

ཟླ་འདིའི་ཚེས་༦  ཉིན་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༥ པའི་མཛད་སྒོ་འཚོགས་པ་དང་། དེར་རྒྱ་གར་དང་བལ་ཡུལ། ཨ་རི་བཅས་ཀྱི་ལྷ་མོ་ཚོགས་པ་བརྒྱད་མཉམ་ཞུགས་བྱས་འདུག

ཟླ་འདིའི་ཚེས་༦  ཉིན་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༥ པའི་མཛད་སྒོ་འཚོགས་པ་དང་། དེར་རྒྱ་གར་དང་བལ་ཡུལ། ཨ་རི་བཅས་ཀྱི་ལྷ་མོ་ཚོགས་པ་བརྒྱད་མཉམ་ཞུགས་བྱས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་། དམིགས་བསལ་སྐུ་མགྲོན་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་འགོ་འཛིན་འཇམ་དཔལ་དབང་འདུས་བཅས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་ཁག་ཅིག་ཀྱང་ཕེབས་ཡོད་པ་དང་། 

སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་འཚམས་འདྲི་དང་འབྲེལ། ལྷ་མོ་སྲོལ་གཏོད་པ་པོ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནི་གྲུབ་ཐོབ་གཞན་དང་མི་འདྲ་བར་ཆོས་ཕྱོགས་ཀྱི་བྱ་བ་ཙམ་མིན་པར་མི་མང་གི་བདེ་སྡུག་ལ་གཟིགས་ནས་སྐུ་ལས་མང་དག་ཅིག་སྐྱོན་པའི་མཛད་པ་ཁག་ཅིག་འགྲེལ་བརྗོད་གནང་བ་དང་། ཞོ་སྟོན་སྐབས་ལ་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་ལ་གཟིགས་པ་ཙམ་མིན་པར་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་མཛད་པ་ཁག་ལ་རྗེས་སུ་འཛིན་པའི་ཐོག་ནས་གཞན་ཕན་དང་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་ཞུ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་པ་མ་ཟད། ཟློས་གར་དང་ལྷ་མོའི་འཁྲབ་གཞུང་དེ་དག་ནི་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་བཅུ་ཡོད་པ་ལས་ཆ་ཤས་ཤིག་ཡིན་པ་དང་། རིག་རྩལ་འདི་བརྒྱུད་ནས་བོད་ཀྱི་སྲོལ་རྒྱུན་གྱི་གཞུང་ལུགས་ཉར་ཚགས་དང་གཞུང་སོ་སོར་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་བསླབ་བྱ་མང་དག་ཅིག་ཡོད་པར་སློབ་གཉེར་གནང་གནད་ཡིན་པ་སོགས་གསུངས་སོང་།

གླིང་མཆོག་སྤྲུལ་རིན་པོ་ཆེས་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོའི་ཚོགས་པ་ཁག་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་གསོལ་སྩལ་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་ཆོས་འཕེལ་གྱིས་བོད་ནང་ལ་ལྷ་མོ་དང་ཞོ་སྟོན་གྱི་དེ་བྱུང་དར་འཕེལ་དང་བཙན་བྱོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་འོག་བོད་ཀྱི་ལྷ་མོ་ཚོགས་པ་སླར་གསོ་ཇི་ལྟར་ཐུབ་ཚུལ་སོགས་སྙན་སྒྲོན་གནང་།

ཐེངས་འདིའི་བོད་ཀྱི་ཞོ་སྟོན་ཐེངས་༢༥ ཐོག་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བཙན་བྱོལ་བོད་མིའི་ལྷ་མོའི་ཚོགས་པ་བཅུ་གཉིས་ཡོད་པ་ལས་ད་རེས་མ་སུ་རི་བོད་ཁྱིམ་དང་། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་སྒར། ཀ་སྦུག བྷན་དྷ་ར། ཀོ་ལི་གྷར། བོད་ཀྱི་ཟློས་གར་ཚོགས་པ། བལ་ཡུལ། དེ་བཞིན་ཨ་རི་ནས་ལྕགས་ཟམ་པ་བཅས་ལྷ་མོ་ཚོགས་པ་བརྒྱད་ཀྱིས་ཁྱེའུ་པདྨ་འོད་འབར་དང་། གཟུགས་ཀྱི་ཉི་མ། ཆོས་རྒྱལ་ནོར་བཟང་། སྣང་ས་འོད་འབུམ། འགྲོ་བ་བཟང་མོ། གཅུང་པོ་དོན་ཡོད་བཅས་ཀྱི་ལྷ་གཞུང་སྙིང་བསྡུས་རེ་འཁྲབ་སྟོན་བྱས་ཡོད་པ་རེད། 

ཞོ་སྟོན་རྒྱས་པ་ཐེངས་༢༥ འདི་ཁྱོན་ཉིན་གྲངས་བརྒྱད་རིང་འཚོག་གི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།