དྷ་སར་རྒྱལ་བའི་ཞབས་རིམ་ཆེད་ཁོར་ཡུག་གཙང་བཟོ།
ཟླ་༧ ཚེས་༥ ཉིན་བཞུགས་སྒར་དྷ་སར་མདོ་ཁམས་ཆུ་སྒང་དབུས་ས་གཉིས་ཀྱི་གོ་སྒྲིག་འོག དམིགས་བསལ་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་སོང་། ལས་འགུལ་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ཚོགས་སྐྱིད་ཁག་༡༧ གྱི་ཚོགས་མི་དང་མི་མང་༡༠༠ ལྷག་མཉམ་ཞུགས་བྱས་འདུག
ཟླ་༧ ཚེས་༥ ཉིན་བཞུགས་སྒར་དྷ་སར་མདོ་ཁམས་ཆུ་སྒང་དབུས་ས་གཉིས་ཀྱི་གོ་སྒྲིག་འོག དམིགས་བསལ་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་སོང་། ལས་འགུལ་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ཚོགས་སྐྱིད་ཁག་༡༧ གྱི་ཚོགས་མི་དང་མི་མང་༡༠༠ ལྷག་མཉམ་ཞུགས་བྱས་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་དགུང་གྲངས་༨༠ ཐམ་པར་ཕེབས་པའི་སྐུའི་གྱ་སྟོན་སྐབས་དང་བསྟུན་ནས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པའི་ཚོགས་ཐོག་ནས་གྲོས་ཆོད་བཞག་པ་ལྟར། དབུས་རྒྱུན་ལས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཕྱི་ནང་ཡོངས་ཀྱི་ས་གནས་ཆུ་སྒང་ཁག་མཉམ་འབྲེལ་གྱིས་ཚེ་ཐར་སྲོག་བླུ་དང་། སྐྱེ་ཤིང་འདེབས་འཛུགས། ཁོར་ཡུག་གཙང་བཟོ། བསྟོད་ཚོགས་པར་སྐྲུན་བཅས་ཀྱི་༸རྒྱལ་བའི་ཞབས་རིམ་ཆེན་མོ་སྒྲུབ་བཞིན་ཡོད་པ་ལྟར།
དེ་རིང་ཕྱི་ཟླ་༧ ཚེས་༥ མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ངག་དབང་ཐར་པས་སྣེ་ཁྲིད་ནས་བཞུགས་སྒར་དྷ་རམ་ས་ལར་ཁོར་ཡུག་གཙང་བཟོའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང་། ཆུ་ཚོད་༩ པའི་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་དུ་འཛོམས་ནས་ལག་ཤུབས་དང་། ཁ་རས། གད་སྙིགས་བླུག་སའི་རྩྭ་རས་ཁུག་མ་བཅས་བགོ་འགྲེམ་བྱས་པ་དང་།
དེ་ནས་ཕོ་བྲང་གཡས་སྐོར་རྒྱབ་ནས་གླིང་སྐོར་ལམ་གྱི་གོང་འོག་དང་། ཕོ་བྲང་གི་ཉེ་སྐོར། གཙུག་ཁང་གི་ལམ། ཟློས་གར་ལམ། སྦག་སུས་ལམ། དེ་བཞིན་ཉེ་ཆར་མིང་བསྒྱུར་བྱས་པའི་པོ་ཏ་ལའི་ལམ་བཅས་ཀྱི་གོང་འོག་དང་ཆུ་འགྲོའི་ལམ་བཅས་ནས་གད་སྙིགས་རིགས་བསྡུས་ཏེ། ས་གནས་ཀྱི་གད་སྙིག་དབོར་འདྲེན་བྱེད་པའི་རླངས་འཁོར་ནང་བླུགས་ཡོད་པ་རེད།
དེ་བཞིན་ཁོར་ཡུག་གཙང་ཉར་ཡོང་ཆེད་བོད་དབྱིན་གཉིས་ལྡན་གྱི་གཙང་སྦྲ་འཕྲོད་བསྟེན་གྱིས་དང་། སོ་སོའི་གཟུགས་པོ་བདེ་ཐང་ངང་འཚོ་ཐུབ་ཅེས་པ་སོགས་ཀྱི་གྱང་སྦྱར་པང་ལེབ་དང་། ཞབས་རིམ་ཆེན་མོའི་འདྲ་རིས་ཡོད་པ་མང་པོ་སྦྱར་འགྲེམ་བྱས་སོང་།
དབུས་ཆུ་སྒང་གི་དྲུང་ཆེ་དང་དབུས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་གཅིག་ལྕོག་ངག་དབང་ཐར་པས་གསུང་དོན།
དེ་རིང་ཁོར་ཡུག་གཙང་བཟོ་ལས་འགུལ་འདི་འགན་འཛིན་ལྷན་ཚོགས་ཐེངས་༤༥ ཐོག་བཞག་པའི་གྲོས་ཆོད་ཀྱི་དགོངས་དོན་ལྟར། ང་ཚོ་དབུས་རྒྱུན་ལས་ཀྱི་སྣེ་ཁྲིད་པའི་རྒྱལ་བའི་ཞབས་རིམ་ཆེན་མོའི་ཆ་ཤས་ཞིག་རེད།
གཙོ་བོ་ས་གནས་ཆེ་ཁག་ལ་ང་ཚོ་དབུས་རྒྱུན་གྱི་སྣེ་ཁྲིད་ཀྱིས་ལས་གཞི་འདི་འགྲོ་བཞིན་པ་རེད། ཞབས་རིམ་གཙོ་བོ་དེ་ཚེ་ཐར་སྲོག་བླུ་བྱེད་རྒྱུ་རེད། དེ་ཡང་ཕྱོགས་ཡོངས་ནས་སེམས་ཅན་འབུམ་ཕྲག་ལས་བརྒལ་བ་སྲོག་བླུ་བྱེད་ཐུབ་ཐབས་བྱེད་ཀྱི་ཡོད་རེད།
དེ་བཞིན་ཤིང་སྣ་འདེབས་འཛུགས་དང་། ཁོར་ཡུག་གཙང་བཟོ། བསྟོད་ཚོགས་པར་སྐྲུན་བཅས་བྱེད་ཀྱི་ཡོད་རེད། ང་ཚོས་རྒྱལ་ཞབས་རིམ་ཆེན་མོ་འདི་དག་ནི་༸གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་ཞབས་བརྟན་ངོ་མ་དེ་ཆགས་ཡོད་བསམ་བཞིན་ཡོད།
དེ་རིང་ཁོར་ཡུག་གཙང་བཟོ་འདི་ཞབས་རིམ་ཆེན་མོའི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་རེད་ལ།
དྷ་ས་འདི་༸གོང་ས་མཆོག་གི་བཞུགས་སྒར་ཆགས་ཀྱི་ཡོད་ཙང་དམིགས་བསལ་གྱིས་ཁོར་ཡུག་གཙང་བཟོའི་ལས་འགུལ་དེ་འདིར་སྤེལ་བ་ཆགས་ཡོད་སྐོར་གསུང་སོང་།
མཇུག་ཏུ་ས་གནས་ཆུ་སྒང་གི་ངོས་ནས་ཁོར་ཡུག་གཙང་བཟོ་བ་ཚང་མར་ཞལ་ལག་ཞིག་ཀྱང་ཕུལ་སོང་།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཕྱི་ནང་ཡོངས་ཀྱི་ས་གནས་ཆུ་སྒང་ཁག་མཉམ་འབྲེལ་གྱིས་རྒྱལ་བའི་ཞབས་རིམ་ཆེན་མོ་སྒྲུབ་བཞིན་ཡོད་པ་རེད་འདུག།