ནག་ཉེས་བྱས་ནས་ལོ་ངོ་༧ རྗེས་སུ་སྲོག་ཐོག་བཏང་འདུག

ཟླ་༣ པའི་ཚེས་༢༠ ཡི་སྔ་དྲོའི་ཆུ་ཚོད་༥:༣༠ ལ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་བཙོན་ཁང་ཆེ་གྲས་ཏི་ཧར་ནང་དུ། ཕྱི་ལོ་༢༠༡༢ ལོའི་ལོ་མཇུག་ཏུ་རྒྱ་གར་དང་རྒྱལ་སྤྱིའི་ནང་གནས་ཚུལ་ཆེན་པོ་ཆགས་པའི་བཙན་གཡེམ་དོན་རྐྱེན་དང་འབྲེལ་བའི་མི་བཞི། ལོ་ངོ་༧ གྱི་རྗེས་སུ་སྲོག་ཐོག་དངོས་སུ་བཏང་འདུག་པ་དང་། རང་སྲོག་ཤོར་མཁན་གྱི་བུད་མེད་དེའི་ནང་མི་དང་རྒྱབ་སྐྱོར་བ་ཚོས་གནས་ཚུལ་དེར་དགའ་བསུ་ཆེན་པོ་བྱས་འདུག

བཙོན་ཁང་གི་ཕྱི་ལོགས་སུ་ཞོགས་པ་སྔ་པོ་ནས་མི་བརྒྱ་ཕྲག་ཁ་ཤས་མི་བཞི་པོ་དེ་སྲོག་ཐོག་གཏོང་རྒྱུ་ཡིན་པར་དགའ་བསུ་བྱེད་དུ་སླེབས་ཡོད་པས། ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་མཐའ་བསྐོར་ཡོད་འདུག སྲོག་ཐོག་བཏང་ཚར་བའི་རྗེས་སུ། མི་ཚོས་དགའ་བསུའི་རྣམ་པ་ཆེན་པོ་བསྟན་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༢ ལོའི་ཟླ་༡༢ པའི་ཚེས་༡༦ ཉིན་གྱི་དགོང་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། རང་ལོ་༢༣ ཡིན་པའི་མཐོ་སློབ་ཀྱི་སློབ་མ་བུད་མེད་གཅིག་དགའ་རོགས་གཉིས་གློག་བརྙན་བལྟས་རྗེས། ཁྱིམ་དུ་ལོག་ཆེད་དུ་རླངས་འཁོར་ཞིག་ནང་དུ་འཛུལ་ཡོད་པ་རེད། འོན་ཀྱང་རླངས་འཁོར་ནང་དུ་ཁ་ལོ་བ་དང་ལས་ཀ་བྱེད་མཁན། དེ་བཞིན་རོགས་པ་གཞན་བཅས་མི་༦ གིས་བུད་མེད་དེར་བཙན་གཡེམ་དང་རྡུང་རྡེག དེ་བཞིན་མོ་མཚན་ནང་དུ་ལྕག་ཧྲེང་བླུགས་པ་སོགས་བྱས་རྗེས། ལམ་ཟུར་དུ་དམར་ཧྲང་དུ་གཡུགས་ཡོད་པ་རེད། སྐབས་དེར་མོའི་དགའ་རོགས་སྐྱེས་པ་དེ་ལ་ཡང་རྡུང་རྡེག་བཏང་ནས་ལམ་ཟུར་དུ་གཡུགས་ཡོད་པ་རེད། བུད་མེད་དེར་སྐྱེས་པ་དྲུག་པོ་དེས་བཙན་གཡེམ་དང་མི་སྤྱོད་ལས་འདས་པའི་དྲག་སྤྱོད་བྱས་རྐྱེན། རྒྱ་གར་དང་རྒྱལ་སྤྱིའི་ནང་གནས་ཚུལ་དེས་ཞེད་སྣང་སྐྱེས་དགོས་པ་བཟོས་ཡོད་པ་དང་། གཞུང་ལ་ངོ་རྒོལ་ལས་འགུལ་ཁྱབ་ཆེན་སྤེལ་ཡོད་པ་རེད། གནོད་འཚེ་འཕོག་ཡུལ་བུད་མེད་དེའི་གནས་སྟངས་སྡུག་ཏུ་ཕྱིན་པས། སིང་གྷ་པུར་རྒྱལ་ཁབ་ཀྱི་སྨན་ཁང་ཡག་པོ་ཞིག་ནང་བསྐྱལ་ཡོད་པ་རེད་དེ། གསོན་པོར་གནས་ཐུབ་མེད་པ་རེད།

བུད་མེད་དེར་བཙན་གཡེམ་དང་དམར་གསོད་གཏོང་མཁན་སྐྱེས་པ་དྲུག་ནས་གཅིག་བཙོན་ཁང་དུ་རང་སྲོག་བཅད་ཡོད་པ་དང་། གཅིག་ནི་སྐབས་དེར་རང་ལོ་༡༧ ཡིན་པ་དང་ཁྲིམས་ཐོག་ནས་མི་རྒན་པ་དང་གཅིག་མཚུངས་བརྩི་ཡི་མེད་པས། ལོ་༣ རིང་ན་གཞོན་བཙོན་ཁང་དུ་བླུགས་རྗེས་གསང་བའི་ངང་གློད་གྲོལ་བཏང་ཡོད་ཁར། ཁོའི་ངོས་འཛིན་ཡང་གསང་བ་ཉར་ཡོད་པ་རེད། མི་ལྷག་མ་བཞི་པོ་དེར་ཁྲིམས་ཁང་གིས་ཕྱི་ལོ་༢༠༡༣ ལོར་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོ་ཚོའི་ནང་མི་དང་ཁྲིམས་རྩོད་པས་མཐོ་རིམ་དང་ཆེས་མཐོའི་ཁྲིམས་ཁང་བཅས་སུ་ཞུ་གཏུག་རིམ་པ་བྱས་ཡོད་ཀྱང་། སྲོག་ཐོག་ཁྲིམས་ཆད་ནས་གུ་ཡངས་ཐོབ་མེད་པས། ལོ་ངོ་༧ གྱི་རྗེས་སུ་མི་བཞི་པོ་དེ་སྲོག་ཐོག་བཏང་ཡོད་པ་རེད།

རང་སྲོག་ཤོར་མཁན་གྱི་བུད་མེད་དེའི་ཨ་མས་བརྒྱུད་ལམ་ཁག་ཏུ། མོས་རང་གི་བུ་མོའི་པར་ལ་འཐམས་ནས་མཐའ་མ་དེར་ང་ཚོར་དྲང་བདེན་ཐོབ་བྱུང་ཞེས་ལབ་ཡིན་སྐོར་དང་། ལོ་ངོ་༧ གྱི་རྗེས་སུ་དྲང་བདེན་ཐོབ་ཡོད་པས། རྒྱ་གར་གྱི་ཁྲིམས་ཞིབ་ལྷན་ཚོགས་ལ་གུས་འདུད་ཞུ་ཡི་ཡོད་སྐོར་བརྗོད་འདུག དེ་བཞིན་ཨ་ཕ་ཡིས་མི་བཞི་དེ་སྲོག་ཐོག་བཏང་ནས་རྒྱ་གར་གྱི་ཁྲིམས་ཞིབ་ལམ་ལུགས་ལ་ཡིད་ཆེས་བསྐྱར་གསོ་བྱུང་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༣ ལོར་མི་མང་གི་ངོ་རྒོལ་དང་འཁོན་འཛིན་འཇམ་ཆེད་དུ། རྒྱ་གར་གཞུང་གིས་བཙན་གཡེམ་ནག་ཉེས་ལ་ཁྲིམས་དམ་པོ་གསར་བཟོ་བྱས་ཡོད་ཀྱང་། ད་བར་བཙན་གཡེམ་དང་བུད་མེད་ལ་བརྙས་བཅོས་ཀྱི་གནས་ཚུལ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་པའི་རྣམ་པ་ཐོན་གྱི་མེད་པ་རེད།

ཕྱི་ལོ་༢༠༡༨ ལོར་དབྱིན་ཡུལ་དང་ཨ་རིར་དེབ་སྐྱེལ་བྱས་པའི་ཐེབས་རྩ་ཞིག་གིས། འཛམ་གླིང་ནང་བུད་མེད་ལ་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་དང་དབྱེ་འབྱེད། རིག་གཞུང་དང་ལམ་ལུགས་ཐོག་ནས་བརྙས་བཅོས་དང་དྲག་སྤྱོད། འཁྲིག་སྤྱོད་དང་འབྲེལ་བའི་དྲག་སྤྱོད། འཁྲིག་སྤྱོད་དང་མ་འབྲེལ་བའི་དྲག་སྤྱོད། ཁྲིམས་འགལ་གྱི་བུད་མེད་ཉོ་ཚོང་བཅས་ཀྱི་ཐོག་ལ། བུད་མེད་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་༡༠ ཡི་མིང་ཐོ་བཏོན་ཡོད་འདུག་པ་དང་། དེའི་ནང་ཨང་དང་པོ་རྒྱ་གར་ཡིན་སྐོར་སྙན་ཐོ་བཏོན་ཡོད་པ་རེད། སྙན་ཐོ་དེ་ནི་བུད་མེད་ཀྱི་གནད་དོན་ཐོག་གི་ཆེད་ལས་པ་༥༥༠ ལ་བསམ་འཆར་བསྡུ་ལེན་བྱས་ཏེ་གྲུབ་འབྲས་བཏོན་པ་ཞིག་ཡིན་འདུག་པ་དང་། གྲུབ་དོན་ནང་དུ་བུད་མེད་ལ་འཁྲིག་སྤྱོད་དང་འབྲེལ་བའི་དྲག་སྤྱོད། གཡོག་མོ་དང་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་འཇུག་པ། བཙན་དབང་ཐོག་ནས་ཆང་ས་རྒྱག་ཏུ་འཇུག་པ། ཆགས་སྤྱོད་ཀྱི་བྲན་གཡོག། དེ་བཞིན་རིག་གཞུང་དང་ལམ་ལུགས་ཐོག་ནས་བུད་མེད་ཀྱི་མོ་མཚན་གཅོད་འབྲེག ལོ་ཚད་མ་ལོན་པའི་ཆང་ས། དྲག་རྡུང་སོགས་ཀྱི་ཐོག་ནས་འཛམ་གླིང་ནང་ཆེས་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་གར་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།