ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་ཟབ་སྦྱོང་།
ཕྱི་ ཟླ་༡༠ ཚེས་༢༩ ནས་ཉིན་བཞིའི་རིང་སུད་སི་རི་ཀོན་ཆོས་འཁོར་དགོན་(SCIENCE MEETS DHARMA) གྱི་ཚོགས་པས་སྣེ་ཁྲིད་གོ་སྒྲིག་འོག འོད་ཀྱི་ནུས་ཤུགས་དང་འོད་ཀྱི་འཕོ་འགྱུར། འོད་དང་དངོས་པོའི་བར་གྱི་འབྲེལ་བ། འོད་ཆགས་ཚུལ་དང་སྐྱེས་དངོས་དང་འབྲེལ་བའི་འོད་ཀྱི་སྐོར། དེ་བཞིན་འོད་དང་འོད་ཀྱི་འབྲེལ་བ།
འོད་ཀྱི་འགྲོ་སྟངས་ཞེས་པ་སོགས་བརྗོད་གཞི་མི་འདྲ་ཁག་བཅུ་གཅིག་ཙམ་གྱི་ཐོག་ བོད་ཀྱི་ནང་ཆོས་དང་ནུབ་ཕྱོགས་པའི་དེང་དུས་ཀྱི་ཚན་རིག་གཉིས་ཟུང་འབྲེལ་གྱི་ ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ དགའ་ལྡན་ཤར་རྩེ་གྲྭ་ཚང་གི་འདུ་ཁང་དང་སློབ་གྲྭ་བཅས་ཀྱི་ནང་འཚོག་གི་ཡོད་པ་ རེད།
ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པ་ཙམ་ལ་ཟབ་སྦྱོང་དངོས་སུ་འགོ་འཛུགས་ཀྱི་མཛད་སྒོ་དགའ་ཤར་གྲྭ་ཚང་གི་འདུ་ཁང་ ཆེན་མོའི་ནང་འཚོགས་སོང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་འགོ་འཛིན་ལས་ཚབ་དང་དགའ་ལྡན་ ཤར་བྱང་གཉིས་དང་འབྲས་སྤུངས་སྒོ་མང་བློ་གསལ་གླིང་། ར་སྟོད། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་མཁན་ ཚབ་དགེ་སྐོས་དང་ཕྱག་མཛོད་རྣམ་པ། དེ་བཞིན་ཕྱི་རྒྱལ་ནས་ཕེབས་པའི་ཚན་རིག་ཟབ་ཁྲིད་པ་རྣམ་པ་དང་གྲྭ་ཚང་ཁག་དང་ བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ནས་ཕེབས་པའི་ཚན་རིག་སློབ་གཉེར་བ་བཅས་མཉམ་ ཞུགས་གནང་ཡོད་པ་རེད།
ཐེངས་འདིའི་ཆོས་ཚན་ཟུང་འབྲེལ་གྱི་ཟབ་སྦྱོང་གོ་སྒྲིག་དང་འགན་ཁུར་གནང་མཁན་ འབྲས་བློ་གླིང་དགེ་བཤེས་བློ་བཟང་བསམ་གཏན་ལ་ཟབ་སྦྱོང་དེའི་བཅར་འདྲི་བྱས་པར།
ཁོང་ གིས། “ཟབ་ཁྲིད་གནང་མཁན་ལ་ཆ་མཚོན་ན་སུད་སི་དང་ཨོ་སི་ཊ་ལེ་ཡ་གཉིས་ནས་ཕེབས་པའི་དགེ་ རྒན་གསུམ་དང་། མ་ཏི་ར་སུ་དང་སྦེལ་ཀོབ་བཅས་ནས་དགེ་རྒན་བཞི་བཅས་བསྡོམས་པའི་ཟབ་ཁྲིད་གནང་མཁན་ དགེ་རྒན་བརྒྱད་ཙམ་ཡོད་པ་རེད། རྩ་བའི་ཚན་རིག་ཟེར་ན་ཡང་རེད། ནང་ཆོས་དང་འབྲེལ་བའི་SCIENCE MEETS DHARMA ཞེས་པའི་ཚོགས་པ་འདི་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ཐོག་མ་༧གོང་ས་མཆོག་གིས་ བཀའ་སློབ་ལམ་སྟོན་འོག་བཙུགས་པ་ཞིག་རེད། དེ་ནས་བཟུང་༧གོང་ས་མཆོག་གིས་ཚན་རིག་གལ་ཆེན་པོ་ལ་བརྩི་ཡི་ཡོད་པས། གདན་ས་གྲྭ་ཚང་སོ་སོའི་ནང་ལོགས་སུ་ཚན་རིག་འཛིན་གྲྭ་བཙུགས་པ་མ་ཟད་སུད་སི་ལན་ དང་། ཇར་མན་སོགས་ཡོ་རབ་ཀྱི་རྒྱལ་ཁབ་ཁག་ཅིག་ནས་ཚན་རིག་དགེ་རྒན་ཆེད་གཏོང་གི་༢༠༠༡ ནས་༢༠༡༠ བར་སློབ་ཁྲིད་གནང་བ་རེད། ༢༠༡༡ གི་ལོ་མཇུག་ནས་གདན་ས་གྲྭ་ཚང་ནང་ཚན་རིག་སློབ་སྦྱོང་དང་དགེ་རྒན་མངགས་གཏོང་ སོགས་འགན་ཆ་ཚང་གྲྭ་ཚང་སོ་སོ་ནས་ལེན་བཞིན་ཡོད་པ་རེད་”ཅེས་གསུངས་སོང་།
ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། “ཟབ་སྤྱོང་འདི་༢༠༡༠ ནས་གདན་ས་གྲྭ་ཚང་དུ་ཐོག་མ་འགོ་བཙུགས་པ་ཞིག་རེད། དེ་རིང་གི་ཟབ་སྦྱོང་འདི་ཐེངས་བཞི་པ་དེ་རེད། མ་འོངས་པར་མུ་མཐུད་ནས་འདི་ལྟར་འཚོགས་དགོས་མིན་དེ་སུད་སི་ཚོགས་པ་ཁོ་རང་ཚོས་ ཐག་གཅོད་ག་རེ་བྱེད་མིན་ལ་རེག་ལས་ཡོད་པ་རེད་”ཅེས་སོགས་གསུངས་སོང་།
ཉིན་འདིའི་ཚན་རིག་ཟབ་སྦྱོང་གི་མཛད་སྒོ་ཡོངས་སུ་གྲོལ་བ་དང་ཆབས་ཅིག ཟབ་སྦྱོང་གནང་ཡུལ་དགེ་འདུན་པ་དང་བཙུན་མ་རྣམ་པ་སྡེ་ཚན་ཁག་གསུམ་དུ་བགོས་ནས་ གོང་གི་བརྗོད་གཞི་དེ་དག་གི་ཐོག་ཉིན་གྲངས་བཞིའི་རིང་ནང་ཆོས་དང་ཚན་རིག་ཟུང་ འབྲེལ་གྱི་ཟབ་སྦྱོང་གནང་རྒྱུ་ཡིན་པ་དང་། ཐེངས་འདིའི་ཟབ་སྦྱོང་ཐོག་གྲྭ་ཚང་དྲུག་དང་རྭ་སྟོད། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ཀྱི་གྲྭ་བཙུན་༣༠༡ ཙམ་མཉམ་ཞུགས་གནང་ཡོད་འདུག
ལྷོ་ཕྱོགས་གསར་འགོད་པས།