ནང་རུལ་པར་སྲིད་བྱུས་དགོས་སམ།
བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱེད་མཁན་རྣམས་ལ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་མཁྲེགས་པོ་ཡོད་ཅིང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༡ ཕྱི་ལོ་ ༢༠༢༢/༤ /༢༠
བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱེད་མཁན་རྣམས་ལ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་མཁྲེགས་པོ་ཡོད་ཅིང་། སྲིད་སྐྱོང་བློ་བཟང་སེང་གེའི་སྐབས་བཀའ་ཤག་གི་ངོས་ནས་༧གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨོད་བྱེད་མཁན་རིགས་ལ་ཚམ་ཚོམ་དང་འཛེམས་ཟོན་མེད་པར་ཁ་གཏད་གཅོག་རྒྱུ་ཡིན་ཞེས་སྔ་རྗེས་ཡང་ཡང་བསྒྲགས་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྣེ་ཁྲིད་པའི་ད་ལྟའི་བཀའ་ཤག་གིས་ཀྱང་“སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་་་་”ཞེས་བཀའ་ཤག་སྔ་རྗེས་གཉིས་ནས་གཅིག་མཚུངས་ཀྱིས་ལངས་ཕྱོགས་བཟུང་ཡོད་ལ། བོད་མི་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱེད་མཁན་རྣམས་ལ་ལག་ལེན་དངོས་ཐོག་ནས་ཀྱང་ཁ་གཏད་གཅོག་དགོས་པ་དེ་གལ་ཆེན་པོ་རེད།
དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ༧གོང་ས་མཆོག་ནི་བོད་མི་རིགས་གཅིག་སྒྲིལ་གྱི་གཞི་རྩ་དང་། ད་ལྟའི་ཆར་ཡང་བོད་ཀྱི་ཆོས་དང་རིག་གནས་ཙམ་དུ་མ་ཟད། བོད་དོན་ཆབ་སྲིད་ཀྱི་གནད་དོན་རྒྱལ་སྤྱིའི་སྟེང་དུ་གནས་ཐུབ་པ་དེ་ཡང་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་རག་ལས་ཡོད་པ་ལས། རེ་ཟུང་གིས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱས་པ་ཙམ་གྱིས་༧གོང་ས་མཆོག་གི་མཚན་སྙན་གྲགས་ལ་གནོད་པ་ཞིག་གཏན་ནས་མིན། འོན་ཀྱང་བོད་མི་ཞིག་ཡིན་པའི་ཆ་ནས་བཀའ་དྲིན་ལ་བསམ་ཤེས་དགོས་པ་དེ་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་གནད་དོན་ཞིག་དང་། རྩ་བས་སྲིད་བྱུས་དེ་བོད་པའི་སྲོལ་རྒྱུན་རིག་གནས་དང་། ལས་འབྲས་གཞི་རྩར་བཞག་པའི་ཐོག་ནས་བཤད་ན་གལ་ཆེན་པོ་རེད། སྟངས་འཛིན་བྱེད་སྟངས་དང་ཁྱབ་བསྒྲགས་བྱེད་སྟངས་ཐོག་ནས་དོན་དངོས་ལ་ཕན་པ་ཞིག་ཡོང་ཐུབ་མིན་ལ་དགོས་པ་བཞེས་དགོས་པ་ལས། ལངས་ཕྱོགས་དེ་འདྲ་ཞིག་ཡོད་ཚུལ་ཙམ་གྱིས་ཕན་པ་ཞིག་ཀྱང་མ་རེད།
བོད་པའི་སྤྱི་ཚོགས་ནང་དོ་སྣང་དང་ཁ་ཕྱོགས་ངེས་པར་ཡོད་དགོས་པའི་གནད་དོན་གཅིག་ནི། རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་ཟེར་བ་དང་དངོས་ཤུགས་གང་ཐད་ནས་འབྲེལ་བ་ཡོད་པ་རྣམས་ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འདྲེ་ལག་རྐྱོང་གི་ཡོད་མེད་དང་། ཨ་རི་དང་། སུ་ཝི་ཌན། རྒྱ་གར་རྒྱལ་ས་ལྡི་ལི་སོགས་སུ་བོད་མིའམ། བོད་མི་དང་འབྲེལ་ཡོད་རྒྱ་གཞུང་གི་གསང་མྱུལ་བའི་མིང་ཐོག་ནས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཡང་སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་གང་སར་མངོན་གསལ་དོད་པོ་མེད་པའི་རྒྱ་གཞུང་གི་རྒྱུག་ཁྱི་ནང་རུལ་པ་མང་པོ་ཡོད་ངེས་རེད། གབ་ཡིབ་བྱས་པ་རྣམས་རྒྱབ་ལྗོངས་དཔང་རྟགས་དང་བཅས་གསལ་པོ་བཟོ་ཐབས་དང་། མངོན་གསལ་དོད་པོར་གྱུར་ཟིན་པ་རྣམས་བོད་པའི་སྤྱི་ཚོགས་དང་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་བྱུས་ཁ་གསལ་ཡོད་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་ནས་སྲིད་བྱུས་ཤིག་མེད་ན་མ་འོངས་པར་རྒྱུན་ལྡན་ལྟ་བུར་འགྱུར་ས་རེད།
སྐབས་རེ་སྲིད་བྱུས་འདི་དང་ཁ་ཕྱོགས་འདི་དོན་དངོས་ལ་མ་དམིགས་པར་ལས་ཀྱི་སྣེ་མོ་བ་དང་། སྐབས་འཚོལ་རིང་ལུགས་པ་ཁག་ཅིག་གིས་སྒེར་གྱི་ཁེ་ཕན་ཆེད་བེད་སྤྱོད་ལོག་པར་གཏོང་གི་ཡོད་པའང་སྨྲོས་མེད་རེད་ལ། ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་རེད་ཟེར་ཞིང་། རྒྱ་མིའི་རྒྱུག་ཁྱི་རེད་ཅེས་མི་རེ་ཟུང་ནག་པོ་བཟོ་ཐབས། དེ་ལ་བརྟེན་ནས་རང་ཉིད་སྤྱི་ཚོགས་ནང་མཐོང་སྣང་ཡག་པོ་བསྐྲུན་ཆེད་དང་། གོང་འོག་བར་གསུམ་ནས་གཟིགས་པ་ཡག་པོ་ཡོང་ཆེད་དུ་འབད་བརྩོན་བྱས་ནས། གལ་ཆེ་བའི་སྲིད་བྱུས་དང་ཁ་ཕྱོགས་དེར་ཡང་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་ནའང་། འདི་ལྟ་བུའི་སྲིད་བྱུས་དང་ཁ་ཕྱོགས་ཤིག་ཡོད་དགོས་པ་དེ་འཐབ་རྩོད་ཀྱི་དགོས་མཁོའི་ཆ་ནས་བཤད་ན་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ལས་དོན་ཡག་པོ་དང་དགོས་ངེས་ཀྱི་ལས་དོན་མང་པོ་ཞིག་ལྡོག་ཕྱོགས་ནས་བེད་སྤྱོད་གཏོང་མཁན་ཡོད་པ་ཆོས་ཉིད་ཡིན་ཡང་། སྤྱི་ཚོགས་ཤིག་ལ་ཁ་ཕྱོགས་གང་ཡང་མེད་ན་རྩ་དོན་འཐབ་རྩོད་དུས་ནམ་ཡང་བྱེད་མི་ཐུབ་པ་གསལ་པོ་རེད།
མདོར་ན་རྒྱ་ནག་གཞུང་གི་རྒྱུག་ཁྱི་ནང་རུལ་པ་སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་གང་དུ་ཡོད་ཀྱང་དམར་རྗེན་དུ་འདོན་ཐབས་དང་། ཁ་གཏད་གཅོག་སྟངས་ཀྱང་ཁ་ཕྱོགས་ཡོད་པ་ཞིག་བྱེད་མ་ཐུབ་ན་བོད་པའི་འཐབ་རྩོད་དེ་སེང་གེའི་ཁོག་པ་འབུས་ཟོས་པ་བཞིན། ཕྱི་ནས་མ་འཇིག་གོང་ནང་ནས་རྩ་བརླག་ཏུ་གཏོང་ངེས་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྒྱ་ནག་གཞུང་ཚབ་སོགས་དང་། རྒྱ་མི་ལ་སྒེར་དོན་ཆེད་འབྲེལ་བ་བྱས་ཀྱང་། རྣམ་པ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ཡིན་པའི་བཟོ་ལྟ་བསྟན་ཏེ་ངན་བྱུས་ངོ་སོར་འཁྱེར་བའི་དུས་ངན་ཞིག་ཀྱང་ཡོད་པ་སོགས་ཕྱོགས་ཡོངས་ནས་འགོག་ཐབས་བྱེད་དགོས་སྙམ། བོད་དོན་འཐབ་རྩོད་དང་རྒྱ་གཞུང་ལ་བཅངས་པའི་འཁོན་འཛིན་དེ་བོད་པའི་སེམས་ནང་ནས་བརླག་སོང་ན། རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་དང་གོ་སྐབས་ག་ཚོད་ཡོད་ཀྱང་ཕན་ཐོགས་གང་ཡང་མེད་པར་བརྟེན། བོད་པའི་ངོས་ནས་ཐོག་མ་དགྲ་གཉེན་སུ་ཡིན་ངོ་ཤེས་ཐུབ་པའི་ལས་འགུལ་ཞིག་གཞུང་སྒེར་གཉིས་ཐད་སྤེལ་རན་འདུག །