ནད་དུག་རྐྱེན་པས་ཉིན་གཅིག་ནང་སྔོན་རྩིས་གཏན་འབེབས་དང་གྲོས་ཚོགས་མཇུག་བསྒྲིལ་གནང་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༠ དང་༢༠༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་ཧིན་སྒོར་༢,༧༡༤,༧༩,༦༠༥ དང་ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་སྔོན་རྩིས་ཧིན་སྒོར ༣༩,༦༩༢,༤༢༤ བཅས་བཀའ་ཁྲོལ་གཏན་འབེབས་བྱས་ཡོད་པ་རེད།
ཟླ་༣ པའི་ཚེས་༡༧ ཉིན་གྱི་སྔ་དྲོར། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩ པ་དབུ་འཛུགས་གནང་ཡོད་པ་དང་། ཏོག་དབྱིབས་ནད་དུག་གི་རྐྱེན་པས་གྲོས་ཚོགས་ཉིན་གཅིག་འཚོགས་ནས་གྲོལ་རྒྱུ་ཐག་གཅོད་གསལ་བསྒྲགས་སྔོན་སོང་ལྟར། ལས་ཉིན་གཅིག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༠ དང་༢༠༢༡ ལོའི་སྔོན་རྩིས་གཏན་འབེབས་བྱས་ཏེ་ཕྱི་དྲོ་ཆུ་ཚོད་༢ པ་མ་ཟིན་ཙམ་ནས་གྲོས་ཚོགས་མཇུག་བསྒྲིལ་ཡོད་པ་རེད། ཏོག་དབྱིབས་ནད་དུག་དང་འབྲེལ་ནས་འགྲུལ་བཞུད་བཀག་སྡོམ་རྐྱེན་པས། ནུབ་ཕྱོགས་རྒྱལ་ཁབ་སོགས་ནས་གྲོས་ཚོགས་འཚོག་པར་སླེབས་མ་ཐུབ་མཁན་སྤྱི་འཐུས་ཁག་ཅིག་འདུག
དེ་ཡང་ཐོག་མར་ཚོགས་གཙོ་པདྨ་འབྱུང་གནས་ཀྱི་གསུང་བཤད་དུ། དེ་རིང་ཚོགས་དུས་ ༩ པ་འདིའི་ནང་ལ་རྗེས་དྲན་གྲོས་ཆོད་གྲོས་འཆར་གཉིས་ཡོད། དེ་ཡང་ཨ་མདོ་རྔ་པ་རྨའུ་རུ་མའི་རུ་ཆེན་གཉིས་པ་ནས་སྐུ་ཞབས་ཡོན་ཏན་ལགས་ནས་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མཆོད་མེར་བསྒྲོན་ནས་སྐུ་ཚེ་མ་ཟིན་པ་དང་། སྐབས་ ༡༢ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྒྱལ་མཚན་སྐུ་ཚེ་མ་ཟིན་པ་དེ་གཉིས་ཐོག་ལ་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་དང་། ནམ་རྒྱུན་འཆར་ཅན་ང་ཚོ་གྲོས་ཚོགས་འཚོགས་པའི་སྐབས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཕེབས་ཡོང་གི་ཡོད་རེད། དེ་བྱས། གཙོ་བོ་དེ་ཕྱི་ལོ་ ༢༠༢༠-༢༡ ལོའི་སྔོན་རྩིས་གཏན་འབེབས་གནང་ཡས་དེ་ཆགས་ཀྱི་ཡོད། རྩ་བའི་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་གྲོས་ཚོགས་ཚོགས་དུས་ ༩ པ་དེ་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༢༧ བར་དུ་ལས་ཉིན་བཅུ་བྲིས་ཡོད་རེད་དེ། འཛམ་བུ་གླིང་ཡོངས་ལ་ཆེས་ཛ་དྲག་གི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་ཡི་ཡོད་པ་དང་། དེ་ཡང་ང་རང་ཚོ་གནས་སའི་རྒྱལ་ཁབ་ལྟ་བུར་ཆ་མཚོན་པ་ཡིན་ན། ཉིན་མ་ནས་ཉིན་མ་ཡར་འཕར་འགྲོ་ཡི་ཡོད་རེད། དེ་འདྲའི་རྐྱེན་བྱས་ནས་བཅའ་ཁྲིམས་དོན་ཚན་ ༤༤ པའི་དགོངས་དོན་སྤྱི་འཐུས་རྒྱུན་ལས་ལ་ཁ་སང་གོ་བསྡུར་ཞུས་ནས་ཉིན་མ་གཅིག་མ་གཏོགས་འཚོགས་མི་དགོས་པའི་ཐག་གཅོད་ཞུས་པ་ཡིན། དེ་འདྲ་ཡིན་ཙང་དེ་རིང་གྲོས་ཚོགས་འདི་ཉིན་མ་གཅིག་མ་གཏོགས་མེད་ཙང་། མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཡིན་ན་རེད། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡིན་ན་རེད། དགོངས་འཆར་གནང་མི་དགོས་པ་ཞིག་དང་། དེ་དེ་བཞིན་བྱས་ནས་ང་ཚོས་སྔོན་རྩིས་དེ་ཡང་ལས་ཁུངས་གོ་རིམ་བཞིན་དུ་སྡོམ་འབོར་དེ་སྙན་སྒྲོན་གནང་བའི་རྗེས་ལ་གཏན་འབེབས་ཞུས། དེ་ནས་མཐའ་མ་དེ་ལ་གཏོང་ལེན་གཏན་འབེབས་བྱས་པ་མ་གཏོགས་ལས་རིམ་གཞན་པ་གང་ཡང་མེད་ཟེར་ཞུ་ཡ་ཡིན་ཞེས་གསུངས་སོང་།
དེ་རྗེས་ཕྱི་ལོ་༢༠༡༩ ལོའི་ཟླ་༡༡ པའི་ཚེས་༢༦ ཉིན་བོད་མདོ་སྨད་རྔ་པ་ནས་ཡིན་པའི་ཡོན་ཏན་ལགས་ཀྱིས་རང་སྲེག་རྒྱ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༢༠ ལོའི་ཟླ་༡ པའི་ཚེས་༢༡ ཉིན་བོད་མི་མང་དགེ་ལུགས་སྤྱི་ཟུར་དགའ་བྱང་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྒྱལ་མཚན་ལགས་སྐུ་གྲོངས་ཡོད་པ་རེད་པས། ཁོང་གཉིས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཞག་ཡོད་པ་རེད།
དེ་བཞིན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་བགྲོ་གླེང་མེད་པའི་ཐོག་ནས་གྲོས་ཆོད་ལྔ་སྤྱི་མོས་གཏན་འབེབས་བྱས་ཡོད་པ་རེད། དེ་དག་ནི་
༡༽ཕྱི་ལོ་༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ཉིན་གྲངས་གསུམ་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་གནང་བ་དང་། དེ་བཞིན་ ༢༠༡༩ ཟླ་ ༡༡ ཚེས་ ༣ ནས་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་བསྐོང་ཚོགས་གནང་བ། ༢༠༡༩ ཟླ་༡༡ ཚེས་ ༢༧ ནས་ཉིན་གྲངས་གསུམ་རིང་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་བསྐོང་ཚོགས་གནང་བ་བཅས་ཀྱིས་ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་མུ་མཐུད་ངེས་འབྱོན་དགོས་པའི་བཅོས་མིན་གསོལ་འདེབས་དང་། ཡང་སྲིད་ཕེབས་ཕྱོགས་ཐད་ཐག་གཅོད་གནང་རྒྱུའི་འགན་དབང་ཆ་ཚང་༧ རྒྱལ་དབང་ཉིད་ཁོ་ནར་ཡོད་པ་ལས་གཞན་སྲིད་གཞུང་ལ་སོགས་སུ་ལའང་མེད་པའི་གྲོས་ཆོད་བསྣོལ་འཇོག་གནང་ཡོད་པ་རྣམས་ལ་གྲོས་ཚོགས་འདིའི་ཐོག་ནས་མཇུག་གནོན་ཞུ་རྒྱུ།
༢༽བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་རིམ་པར་བཞག་པའི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཁག་གི་དགོངས་དོན་བཞིན་རྒྱ་གཞུང་གིས་བོད་ནང་གི་སྣོད་བཅུད་གཉིས་ཀར་མུ་མཐུད་ཉམས་ཉེས་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་དང་སྲིད་བྱུས་རྣམས་མཚམས་འཇོག་གིས་བོད་མི་རང་ལུས་མེར་བསྲེགས་གཏོང་གནང་མཁན་གཙོས་པའི་བོད་མི་ཞི་རྒོལ་བ་རྣམས་ཀྱི་རེ་འདུན་ལ་བདག་སྐྱོང་གིས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གྲོས་མོལ་འཕྲལ་དུ་འགོ་འཛུགས་བྱ་དགོས་རྒྱུ།
༣༽དེང་སྐབས་རྒྱ་ནག་ནས་མཆེད་པའི་ཆེས་ཉེན་ཚབས་ཅན་གྱི་ཏོག་དབྱིབས་ནད་རིམས་གསར་པ་དེ་ཉིད་བོད་ནང་དུའང་ཁྱབ་སྟེ་བོད་མདོ་ཁམས་རྟའུ་ས་གནས་གཙོས་པའི་ནད་རིམས་འགོས་ཁྱབ་ཅན་གྱི་ནད་པ་གང་སར་ཐོན་བཞིན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། བོད་ཕྱི་ནང་གང་སར་གནས་པའི་བོད་མི་ཡོངས་ཀྱིས་འཕྲོད་བསྟེན་ལ་ཐུགས་གཟབ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་མ་ཟད། སྡིགས་སྐུལ་དང་བཙན་བཀག་བྱས་པ་ཙམ་གྱིས་རིམས་ནད་ལས་ཐར་ཐབས་མེད་པ་ཀུན་ཤེས་ལྟར་རྒྱ་གཞུང་ནས་ཁ་ཡོད་ལག་ཡོད་ཀྱི་སྨན་བཅོས་དང་ནད་རིམས་རྩ་འགོག་དགོས་པའི་བརྡ་ལན་ཁ་གསལ་སྤྲད་རྒྱུ།
༤)རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་སྔ་ཕྱིར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ད་དུང་བོད་དོན་ཐོག་ཐུགས་ཁུར་དང་རྒྱབ་སྐྱོར་སྔར་ལྷག་གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་མཁྱེན་རྟོགས་ཞིབ་ཕྲ་ཡོང་ཆེད་གཞིས་བཞུགས་བོད་མིའི་བདེ་སྡུག་ངོ་མ་ཤེས་རྟོགས་ཡོང་ ཐབས་གནང་རོགས་ཞུ་རྒྱུ་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་མཆོག་རྒྱ་ནག་ཏུ་ཕེབས་སྐབས་དང་བསྟུན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྟོག་ཞིབ་ཆེད་བོད་དུ་ཆེད་ཕེབས་གནང་དགོས་པའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ།
༥༽བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༦ ནས་ བཟུང་སྟེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་གནང་མཛད་ནས་བསྟན་འགྲོའི་དོན་ཆེན་ས་ གསུམ་ན་ཁྱབ་པར་མཛད་པའི་རླབས་ཆེན་གྱི་མཛད་འཕྲིན་མཐའ་དག་ལ་ཐུགས་རྗེ་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ་རྒྱུ་དང་། མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་སྐྱབས་འོག་ཏུ་འཚོ་བའི་རང་རེ་གངས་ཅན་པ་ཡོངས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་རང་འཁྲིའི་ལས་དོན་ཞུ་སྒོ་གང་མཆིས་ལྷག་བསམ་གཡོ་བ་མེད་པའི་ངང་ནས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད།
གྲོས་ཚོགས་ཀྱི་མཇུག་བསྡོམས་ཀྱི་གསུང་བཤད་དུ་ཚོགས་གཙོས། ཐེངས་འདིའི་གྲོས་ཚོགས་ལས་ཉིན་གཅིག་གི་ལས་དོན་ལ་མཐུན་སྦྱོར་བྱེད་མཁན་ཚང་མར་ལེགས་གསོལ་བསྔགས་བརྗོད་གནང་རྗེས། ཕྱི་ལོ་༢༠༢༠ འདི་བཞིན་བཀའ་ཤག་གིས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་ལྟར། བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ་དང་། རྩ་དོན་ཐོག་ནུས་པ་སྤུངས་རྒྱུའི་ཐད་འབད་བརྩོན་གནང་རྒྱུའི་སྐུལ་མ་གནང་སོང་།།
གསར་འགོད་པ་དཀོན་མཆོག་རབ་བརྟན།