ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་གསར་བཞེངས་ལེགས་གྲུབ་དང་༧གོང་ས་མཆོག་གི་མཚམས་འཕྲིན།
རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་བཱི་ཧར་མངའ་སྡེའི་ནང་ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་གསར་བཞེངས་ལེགས་གྲུབ་བྱུང་བའི་དབུ་འབྱེད་གནང་བར་༧གོང་ས་མཆོག་གིས་འཚམས་འཕྲིན་བསྩལ་འདུག
ཟླ་འདིའི་ཚེས་༢༢ ་ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་བི་ཧར་མངའ་སྡེའི་གནས་ཆེན་རྒྱལ་པོའི་ཁབ་ཏུ་ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་གསར་བཞེངས་ལེགས་གྲུབ་དབུ་འབྱེད་གནང་བར་འཚམས་འདྲི་ཞུས་འདུག
འཚམས་འཕྲིན་ནང་དུ་༧གོང་ས་མཆོག་གིས་དཔལ་ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་ངོ་མ་དེ་ནི་ཤེས་རིག་གི་བསྟི་གནས་ཤིག་གི་ངོ་བོའི་ཐོག་ནས་ཤར་ཕྱོགས་སུ་ཉི་མ་ལྟར་གསལ་ཞིང་། སློབ་གཉེར་དང་བགྲོ་གླེང་། རྩོད་པ་བཅས་ཀྱི་རྩ་བར་གྱུར་པའི་ཤེས་རིག་ནི་དཔལ་ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་ནས་དར་རྒྱས་བྱུང་སྟེ། ཨེ་ཤེ་ཡའི་ས་ཕྱོགས་གང་ས་ནས་སློབ་མ་རྣམས་འདུས་ཤིང་། ཁོང་ཚོས་མཚན་ཉིད་རིག་པ་དང་། ཚན་རིག རྩིས་རིག སྨན་བཅས་ཀྱི་སྟེང་དུ་གནའ་བོའི་རྒྱ་གར་གྱི་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་སྤྱོད་ལའང་སློབ་གཉེར་གནང་གི་ཡོད། སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་སྤྱོད་ནི་དེང་གི་འཛམ་གླིང་འདིར་གལ་ཆེན་ཡིན་པར་མ་ཟད་མེད་དུ་མི་རུང་བ་ཞིག་ཀྱང་ཡིན།
ཡོན་ཏན་དེ་དག་གི་སྟེང་དུ་དཔལ་ནཱ་ལནྡྲའི་སློབ་མ་ཚོས་སེམས་དང་སེམས་འབྱུང་གི་རྣམ་གཞག་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་གི་ཡོད་ལ། དེ་དག་ནི་སེམས་ཞི་བར་བྱེད་པའི་རྒྱ་གར་གྱི་སྲོལ་རྒྱུན་སྒོམ་སྒྲུབ་ཉམས་ལེན་ཞི་གནས་དང་། ལྷག་མཐོང་ལས་སྐྱེའོ། ངོས་ཀྱིས་དཔལ་ནཱ་ལནྡྲའི་ཆོས་བརྒྱུད་ཀྱིས་རྒྱུ་མཚན་དང་རིགས་པའི་ལམ་ནས་ཡོན་ཏན་འདི་དག་ལ་འགྲེལ་བརྗོད་བྱེད་སྟངས་དེ། རྒྱ་ཆེ་ས་ནས་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ཆེད་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་བྱ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།
རྒྱ་གར་གྱི་གནའ་བོའི་ཤེས་རིག་ལ་དོ་སྣང་བྱེད་མཁན་གཞོན་སྐྱེས་རྒྱ་གར་གྱི་ཕྱི་ནང་གཉིས་སུ་ཇེ་མང་དུ་འགྲོ་བཞིན་པ་དེར་ངོས་རང་སེམས་འགུལ་སྐྱེ་གི་འདུག གནའ་བོའི་ཤེས་རིག་དེེ་དག་ལ་འཛམ་བུ་གླིང་འདི་སྙིང་རྗེ་ལྡན་པ་ཞིག་ཏུ་སྐྲུན་ཐུབ་པའི་ནུས་པ་ཡོད། ངོས་ནས་གནའ་བོའི་རྒྱ་གར་གྱི་ཤེས་རིག་ལ་དོ་སྣང་དང་གོ་རྟོགས་སྤེལ་རྒྱུར་དམ་བཅས་པ་བཞིན། ལོ་རྒྱུས་ཀྱི་གནས་ཆེན་དེར་ནཱ་ལནྡྲའི་གཙུག་ལག་སློབ་གཉེར་ཁང་གསར་པ་ཞིག་འཛུགས་སྐྲུན་གནང་བ་ནི་ངོ་མཚར་སྐྱེ་འོས་པ་ཞིག་ཡིན་པ་དང་། གཙུག་ལག་སློབ་གཉེར་ཁང་དེ་ཉིད་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན་། ཞེས་འཁོད་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ