ནིའུ་ཛི་ལན་ཌ་ཡིས་མི་རབས་རྗེས་མ་ཚོར་ཐ་མག་བཀག་སྡོམ་བྱས་འདུག 

ནིའུ་ཛི་ལན་ཌ་གྲོས་ཚོགས་ཀྱིས་ཕྱི་ལོ་༢༠༠༨ ལོའི་རྗེས་སུ་སྐྱེས་མཁན་མི་སེར་ཚང་མར། ཐ་མག་ཉོ་མི་ཆོག་པའི་བཀག་སྡོམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་ཏེ་ཁྲིམས་སུ་གཏན་འབེབས་བྱས་འདུག འོན་ཀྱང་དེ་ལ་བརྟེན་ནས་རྒྱལ་ཁབ་ནང་དུ་ཐག་མག་གི་ནག་ཚོང་ཤུགས་ཆེ་རུ་འགྲོ་ཉེན་ཡོད་འདུག 

ནིའུ་ཛི་ལན་ཌ་གྲོས་ཚོགས་ཀྱིས་ཕྱི་ལོ་༢༠༠༨ ལོའི་རྗེས་སུ་སྐྱེས་མཁན་མི་སེར་ཚང་མར། ཐ་མག་ཉོ་མི་ཆོག་པའི་བཀག་སྡོམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་ཏེ་ཁྲིམས་སུ་གཏན་འབེབས་བྱས་འདུག འོན་ཀྱང་དེ་ལ་བརྟེན་ནས་རྒྱལ་ཁབ་ནང་དུ་ཐག་མག་གི་ནག་ཚོང་ཤུགས་ཆེ་རུ་འགྲོ་ཉེན་ཡོད་འདུག 

ཟླ་༡༢ པའི་ཚེས་༡༤ ཉིན་ནིའུ་ཛི་ལན་ཌའི་འཕྲོད་བསྟེན་བློན་ཆེན་ཨཱ་ཡི་ཤ་ཝེ་རཱལ་གྱིས་གྲོས་ཚོགས་ནང་དུ། ཐ་མག་གི་དུ་བ་མེད་པའི་ཁོར་ཡུག་ཁྲིམས་འཆར་ངོ་སྤྲོད་བྱས་འདུག་པ་དང་། ཁོང་གིས་ཁྲིམས་འཆར་དེ་ནི་མ་འོངས་པར་རྒྱལ་ཁབ་དེའི་ནང་དུ་ཐ་མག་གཏན་དུ་མེད་པ་བཟོ་བའི་གོམ་པ་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་མི་མང་སྟོང་ཕྲག་མང་པོའི་ཚེ་རིང་དུ་འགྲོ་རྒྱུ་ཡིན་པ། བདེ་ཐང་ཡག་ཏུ་འགྲོ་རྒྱུ་ཡིན་པ། དེ་བཞིན་ཐ་མག་ལ་བརྟེན་ནས་འབྱུང་བའི་ན་ཚ་སྨན་བཅོས་བྱེད་མི་དགོས་པ་ཆགས་ནས། འཕྲོད་བསྟེན་ལམ་ལུགས་ནང་དུ་ཨ་སྒོར་ཐེར་འབུམ་༣.༢ ཀྱི་འགྲོ་སོང་ཉུང་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱལ་ཁབ་དེའི་གྲོས་ཚོགས་ཀྱིས་ཁྲིམས་དེར་རྒྱབ་སྐྱོར་བྱས་ཏེ་ཁྲིམས་སུ་གཏན་འབེབས་བྱུང་འདུག་པ་དང་། དེའི་ནང་དུ་ཕྱི་ལོ་༢༠༠༨ ལོའི་རྗེས་སུ་སྐྱེས་པའི་མི་སེར་ཚང་མར་ཐ་མག་ནམ་ཡང་འཚོང་ཆོག་གི་མེད་འདུག་པས། ༢༠༠༨ ལོའི་རྗེས་སུ་སྐྱེས་པའི་མི་རབས་དེ་ཚོས་ཁྲིམས་མཐུན་ཐོག་ནས་ཐ་མག་ནམ་ཡང་ཉོ་ཐུབ་རྒྱུ་མེད་པ་ཆགས་རྒྱུ་རེད་འདུག དེ་བཞིན་ཁྲིམས་ཀྱི་ནང་དུ་ད་ལྟའི་ཆར་ཐ་མག་སྡེབ་ཚོང་རྒྱག་མཁན་གྲངས་༦༠༠༠ ཡོད་པ་ནས་༦༠༠ བར་ཉུང་དུ་གཏོང་རྒྱུ། ཐ་མག་ནང་དུ་ཡོད་པའི་ངན་གོམས་སླ་བའི་རྫས་དེའི་ཚད་གཞི་ཉུང་དུ་བཏང་ནས་ངན་གོམས་ཆགས་དཀའ་བ་བཟོ་རྒྱུ་ཡིན་འདུག 

ཁྲིམས་དེ་ལ་བརྟེན་ནས་ལོ་ལྟར་ཐ་མག་ཉོ་ཆོག་མཁན་གྱི་མི་སེར་གྲངས་ཀ་ཉུང་དུ་འགྲོ་རྒྱུ་ཡིན་འདུག། དཔེ་མཚོན་ཞིག་ལ་ཕྱི་ལོ་༢༠༥༠ ལོར་སླེབས་སྐབས་མི་སེར་ལོ་ན་༤༠ ཡིན་མཁན་ཡང་ཐ་མག་ཉོ་ཆོག་གི་མེད་པ་ཆགས་རྒྱུ་ཡིན་འདུག 

འཛམ་གླིང་ནང་ཐ་མག་འཐེན་མཁན་གྱི་མི་སེར་གྲངས་ཀ་ཉུང་ཤོས་གྲས་སུ་ནིའུ་ཛི་ལན་ཌ་ཡོད་འདུག་པ་དང་། ལོ་སྔོན་མར་མི་རྒན་པ་ཐ་མག་འཐེན་མཁན་བརྒྱ་ཆ་༩.༤ ཡིན་ཁར། འདི་ལོར་བརྒྱ་ཆ་མར་ཆག་ནས་བརྒྱ་ཆ་༨ ཡིན་འདུག འོན་ཀྱང་ནིའུ་ཛེ་ལན་ཌའི་གདོད་མའི་མི་རིགས་མའོ་རཱི་ཞེས་པ་དེའི་ནང་དུ་ཐ་མག་འཐེན་མཁན་བརྒྱ་ཆ་ལོ་སྔོན་མར་༢༢.༣ ཡིན་པ་དང་འདི་ལོར་བརྒྱ་ཆ་༡༩.༩ ཡིན་འདུག་པས། འཕྲོད་བསྟེན་བློན་ཆེན་གྱིས་ཁྲིམས་དེ་ལ་བརྟེན་ནས་མའོ་རཱི་སྤྱི་ཚོགས་ནང་དུ་ཡང་ཐ་མག་འཐེན་མཁན་གྱི་བརྒྱ་ཆ་ཉུང་དུ་བཏང་ནས། མའོ་རཱི་མི་རིགས་དང་མའོ་རཱི་མི་རིགས་མིན་པའི་མི་སེར་གཞན་གྱི་བར་དུ་ཚེ་རིང་ཐུང་གི་ཁྱད་པར་ཆུང་དུ་གཏོང་ཐུབ་སྲིད་སྐོར་བརྗོད་འདུག 

འོན་ཀྱང་ཁྲིམས་དེའི་ནང་དུ་གློག་གི་ཐ་མག་བཀག་སྡོམ་བྱས་མེད་འདུག་པ་དང་། ལོ་གཞོན་པའི་ནང་དུ་རྒྱུན་གཏན་གྱི་ཐ་མག་ལས་གློག་གི་ཐ་མག་འཐེན་རྒྱུར་དར་སྲོལ་ཆེ་བ་ཡོད་འདུག་པས། དེ་ལ་བརྟེན་ནས་འཕྲོད་བསྟེན་ལ་གནོད་སྐྱེལ་རྒྱུ་ཡིན་འདུག 

ཁྲིམས་དེར་སྐྱོན་བརྗོད་བྱེད་མཁན་གྲོས་ཚོགས་འཐུས་མི་ཚོས། ཁྲིམས་དེ་ལ་བརྟེན་ནས་རྒྱལ་ཁབ་ནང་དུ་ཐ་མག་གི་ནག་ཚོང་ཤུགས་ཆེ་རུ་གཏོང་ཉེན་ཡོད་པ་དང་། དེ་བཞིན་ཚོང་ཁང་ཆུང་ཆུང་རྣམས་ཚོང་མེད་པ་ཆགས་ཉེན་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།