ནིའུ་ཛེ་ལན་ཌི་ནང་མེ་མདའི་ཁྲིམས་དམ་དུ་གཏོང་འཆར།
ནིའུ་ཛེ་ལན་ཌི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་། མི་མང་སྡེབ་གསོད་ཀྱི་གནད་དོན་ཚབས་ཆེ་ཤོས་ལྷག་པའི་རྗེས་སུ་རྒྱལ་ཁབ་དེའི་མེ་མདའི་ཁྲིམས་དམ་དུ་གཏོང་འཆར་འདུག་པ་དང་། དེ་ལ་མི་མང་དང་སྲིད་དོན་པ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་བཞིན་འདུག
ནིའུ་ཛེ་ལན་ཌི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་། མི་མང་སྡེབ་གསོད་ཀྱི་གནད་དོན་ཚབས་ཆེ་ཤོས་ལྷག་པའི་རྗེས་སུ་རྒྱལ་ཁབ་དེའི་མེ་མདའི་ཁྲིམས་དམ་དུ་གཏོང་འཆར་འདུག་པ་དང་། དེ་ལ་མི་མང་དང་སྲིད་དོན་པ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་བཞིན་འདུག
ཟླ་༣ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ནིའུ་ཛེ་ལན་ཌིའི་སྲིད་བློན་ལྕམ་རྗེ་སིན་ཌ་ཨར་ཌན་གྱིས། “ཟླ་༣ པའི་ཚེས་༡༥ ཉིན་ང་ཚོའི་ལོ་རྒྱུས་གཏན་དུ་འགྱུར་བ་ཕྱིན་ཡོད་པས། ད་ཆ་ང་ཚོའི་ཁྲིམས་ཀྱང་འགྱུར་བ་གཏན་དུ་འགྲོ་རྒྱུ་རེད། ང་ཚོས་ནིའུ་ཛེ་ལན་ཌིའི་མི་མང་ཚང་མའི་ཚབ་ཞུས་ནས། རྒྱལ་ཁབ་ཀྱི་མེ་མདའི་ཁྲིམས་དམ་དུ་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ཚད་གཞི་ཡག་ཏུ་གཏོང་ཆེད་གསལ་བསྒྲགས་བྱེད་ཀྱི་ཡོད་”ཅེས་བརྗོད་ནས། རྒྱལ་ཁབ་དེའི་ནང་དམག་འཐབ་ཀྱི་མེ་མདའི་རིགས་ཕྱེད་རང་འབར་གྱི་མཚོན་ཆ་ཚང་མ་དང་། མེ་མདའ་རིང་བ། དེ་བཞིན་མདེའུ་མང་པོའི་ཤོང་ཚད་ཡོད་པའི་མདེའུ་སྒམ་བཅས་གཏན་དུ་བཀག་འགོག་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་ཡང་ཟླ་༣ པའི་ཚེས་༡༥ ཉིན་མི་རིགས་དཀར་པོའི་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་ཨོ་སི་ཀྲོ་ལི་ཡའི་མི་སེར་ཡིན་པའི་སྐྱེས་པ་ཞིག་གིས། ནིའུ་ཛེ་ལན་ཌིའི་ཁ་ཆེ་ལྷ་ཁང་གཉིས་ནང་། མེ་མདའི་དྲག་རྒོལ་སྤེལ་ཏེ་ཁ་ཆེ་བ་༥༠ བསད་ཡོད་ཁར། མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། གནད་དོན་དེ་ལ་བརྟེན་ནས་རྒྱལ་ཁབ་དེའི་ནང་ཚོར་ཤུགས་ཆེན་པོ་སླེབས་ཡོད་པས། མི་དེ་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་གྱི་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་ཡོད་པ་རེད།
སྲིད་བློན་ཁོང་གིས་བརྗོད་དོན་ལྟར་ན། ཁྲིམས་དེ་ཟླ་༤ པའི་ཚེས་༡༡ སྔོན་དུ་ལག་བསྟར་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཁར། དེའི་སྔོན་དུ་ཟིན་བྲིས་བཟོས་ནས་གྲོས་ཚོགས་ནང་ཛ་དྲག་ངང་གྲོས་འཆར་འདོན་རྒྱུ་ཡིན་འདུག དྲག་རྒོལ་གྱི་གནད་དོན་ལྷག་རྗེས་རྒྱལ་ཁབ་དེའི་ནང་མེ་མདའ་སྟངས་འཛིན་བྱེད་པའི་ཁྲིམས་དམ་དུ་གཏོང་བར་རྒྱབ་སྐྱོར་ཆེན་པོ་བྱས་ནས། མི་མང་ཁྲི་བདུན་ལྷག་གིས་མིང་རྟགས་བཀོད་ནས། གྲོས་ཚོགས་ཚོགས་ཁང་དུ་ཞུ་གཏུག་སྙན་ཞུ་སྤྲད་ཡོད་པ་རེད་འདུག
དེ་ཡང་བཀག་འགོག་བྱེད་རྒྱུའི་མེ་མདའ་རྣམས་གཞུང་ལ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་ཀྱང་། དེའི་རིན་འབབ་དོ་བདག་སོ་སོར་ཐོབ་རྒྱུའི་སྲིད་བྱུས་ཤིག་ཀྱང་ལག་བསྟར་བྱེད་རྒྱུའི་འཆར་གཞི་ཡོད་འདུག
རྒྱལ་ཁབ་དེའི་ཉེན་རྟོག་ལྷན་ཚོགས་ཀྱི་ཚོགས་གཙོས་ཁྲིམས་འཆར་དེར་དགའ་བསུ་བྱས་ནས། རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་ཚང་མས་ཁྲིམས་འཆར་དེའི་གལ་ཆེའི་རང་བཞིན་ངོས་འཛིན་གྱིས་རྒྱབ་སྐྱོར་བྱེད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
རྒྱལ་ཁབ་དེའི་དྲག་རྒོལ་གྱི་གནད་དོན་དེ་ལྷག་རྗེས། སྲིད་བློན་གྱིས་ཐག་གཅོད་དང་མྱ་ངན་ཞུ་ཕྱོགས་སོགས་ལ་བརྟེན་ནས་འཛམ་གླིང་ནང་ཁོང་ལ་རྗེས་སུ་ཡི་རངས་ཞུ་མཁན་མང་པོ་བྱུང་འདུག དེ་ཡང་སྲིད་བློན་ཁོང་གིས་དྲག་སྤྱོད་པ་དེ་ནི་འཇིགས་སྐུལ་རིང་ལུགས་པ་ཞིག་ཡིན་པ་དང་། ཁོ་ལ་དགོས་པ་དེ་ནི་ངན་གྲགས་ཡིན་ཡང་། ཁོང་གིས་མི་དེའི་མིང་ཡང་འདོན་འདོད་མེད་སྐོར་བརྗོད་ཡོད་པ་རེད། དེ་བཞིན་ཁོང་གིས་མྱ་ངན་ཞུ་ཆེད་རང་སྲོག་ཤོར་མཁན་གྱི་ནང་མིར་སེམས་གསོ་བྱས་པ་སོགས་བྱས་ཡོད་པ་རེད། དེ་བཞིན་མི་མང་གཞན་རྣམས་ཀྱིས་ཀྱང་ཁ་ཆེའི་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་རེད།
དེ་ཡང་མེ་མདའི་ཁྲིམས་དམ་དུ་བཏང་ནས་བདེ་འཇགས་ཀྱི་ཚད་གཞི་ཡག་ཏུ་ཕྱིན་ཡོད་པའི་རྒྱལ་ཁབ་གཅིག་ནི་ཨོ་སི་ཀྲོ་ལི་ཡ་ཡིན་འདུག ཕྱི་ལོ་༡༩༩༦ ལོར་མི་མང་སྡེབ་གསོད་ཀྱི་གནས་ཚུལ་ཞིག་ལྷག་རྗེས། རྒྱལ་ཁབ་དེའི་མེ་མདའི་ཁྲིམས་དམ་དུ་བཏང་ཡོད་པ་དང་། རྗེས་སུ་རྒྱལ་ཁབ་དེའི་ནང་མི་མང་ཁྲོད་དུ་མེ་མདའི་དྲག་རྒོལ་གྱི་གནད་དོན་བྱུང་མེད་ཁར། ལོ་ལྟར་མེ་མདའ་བརྒྱབ་ནས་རང་སྲོག་གཅོད་མཁན་ཆ་སྙོམས་ཐོག་ནས་བརྒྱ་ཆ་༤.༨ ཀྱིས་ཉུང་དུ་ཕྱིན་འདུག དེ་བཞིན་ལོ་རེར་མེ་མདའ་བརྒྱབ་ནས་མི་གསོད་པའི་གནད་དོན་ཆ་སྙོམས་ཐོག་ནས་བརྒྱ་ཆ་༥.༥ ཉུང་དུ་ཕྱིན་ཡོད་འདུག