ནིའུ་ཡོག་ནས་རྒྱ་གཞུང་གི་གསང་མྱུལ་བ་ཨ་རིའི་མི་སེར་རྒྱ་མི་ཞིག་འཛིན་བཟུང་བྱས་འདུག

པར། The straits Times

ཟླ་འདིའི་ཚེས་༢༢ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གཞུང་གིས་སླར་ཡང་རྒྱ་གཞུང་གི་གསང་མྱུལ་ལས་ཀ་བྱས་པའི་ཉེས་མིང་འོག་རྒྱ་མི་ཞིག་འཛིན་བཟུང་དང་ཁོའི་ནག་ཉེས་ལ་བརྟེན་ནས་ཁྲིམས་ཆད་ལོ་བཅུའི་རིང་བཙོན་འཇུག་བྱེད་སྲིད་པ་ཡིན་འདུག

ཨ་རིའི་ཁྲིམས་ཞིབ་ལས་ཁུངས་(Justice Department) ་ཀྱིས་བརྗོད་པ་ལྟར་ན། ནིའུ་ཡོག་ལ་གནས་སྡོད་བྱེད་མཁན་དང་ཨ་རིའི་མི་སེར་ཡིན་པའི་རྒྱ་མི་ཞིག་རྒྱ་གཞུང་གི་གསང་མྱུལ་བའི་ལས་ཀ་བྱས་པའི་ཉེས་མིང་འོག་ནིའུ་ཡོག་གྲོང་ཁྱེར་གྱི་ཁུ་ཝིན་སི་(Quens) ་ཞེས་པའི་ས་གནས་སུ་འཛིན་བཟུང་བྱས་ཡོད་འདུག ཁྲིམ་ཞིབ་ལས་ཁུངས་ཀྱིས་ཁོའི་གློག་ཆས་སོགས་ཀྱི་ཁ་བྱང་ནས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་བཀོད་མངགས་དང་། ཁོས་བསྡུ་རུབ་བྱས་པའི་པར་རིས་དང་བརྙན། ཡིག་ཆ་སོགས་རྙེད་སོན་བྱུང་ཡོད་འདུག

གསང་མྱུལ་བ་དེ་ལོ་ན་༦༧ ཡིན་པ་དང་མིང་ལ་ཡོན་ཅུན་ཐང་(Yuanjun  Tang) ་ཟེར་གྱི་ཡོད་འདུག དེ་སྔོན་ཁོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་བཙོན་དུ་བཅུག་ཡོད་འདུག ཕྱི་ལོ་༢༠༠༢ ལོ་མི་དེ་ཐའེ་ཝན་དུ་བྲོས་བྱོལ་ཕྱིན་པའི་རྗེས་ཨ་རིའི་གཞུང་གིས་ཆབ་སྲིད་སྐྱབས་བཅོལ་སྤྲད་ཡོད་འདུག

ཐང་གིས་ཨ་རི་ལ་དྲིན་ལན་ལོག་མཇལ་བྱས་ནས་རྒྱ་གཞུང་གི་གསང་བའི་ལས་ཁུངས་ཀྱིས་ཁོ་ལ་ཨ་རིར་གནས་སྡོད་བྱེད་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་གྲགས་ཅན་དང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོ་ལ་སོ་ལྟ་བྱེད་དགོས་པའི་འགན་སྤྲད་པར་ལྟར། ཁོོས་གསང་མྱུལ་གྱི་གནས་ཚུལ་མང་པོ་ཞིག་འཕྲིན་ཐུང་དང་གློག་འཕྲིན། བརྙན་མོལ་(Video call) ་སོགས་ཡིག་ངག་གཉིས་ཀྱི་ལམ་ནས་རྒྱ་གཞུང་གི་གསང་བའི་མི་སྣ་ལ་མཁོ་སྤྲོད་བྱས་ཡོད་པ་དང་། རྒྱུན་དུ་དམངས་གཙོ་དོན་གཉེར་བ་ཞིག་ཡིན་ཁུལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱ་ནག་ནང་དམངས་གཙོ་གོང་འཕེལ་གཏོང་ཕྱོགས་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ནང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་འདུག

ཐང་ཟེར་བ་དེ་ལ་ཁོས་ཁྲིམས་དོན་སྤྱི་ཁྱབ་པར་བརྡ་ལན་མ་སྤྲད་པར་རྒྱལ་ཁབ་གཞན་གྱི་ལས་དོན་བསྒྲུབས་པ་དང་ཨ་རིའི་ཉེན་རྟོག་ལས་ཁུངས་ལ་རྫུན་བཤད་པའི་ནག་ཉེས་བསགས་པ་བཅས་ལ་བརྟེན་ནས་ཉེས་ཆད་ལོ་བཅུ་ཙམ་གྱི་རིང་བཙོན་འཇུག་བྱེད་སྲིད་པ་ཡིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

ཁྱེད་ཀྱིས་གཟིགས་མེད་སྲིད།