ནུབ་ཕྱོགས་རྒྱལ་ཁབ་འགའ་དང་ཨུ་རུ་སུའི་བར་བཙོན་པ་བརྗེ་ལེན་བྱེད་སྐབས་བྷ་ཌན་དང་པུ་ཊིན་གྱིས་སོ་སོའི་མི་རྣམས་གནམ་ཐང་ནས་བསུ་བ་བྱས།
ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨུ་རུ་སུའི་བར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་སོགས་ནག་ཅན་གྱི་བཙོན་པ་༢༤ བརྗེ་ལེན་བྱས་ནས་གྲངས་དམག་གི་རྗེས་སུ་བཙོན་པ་བརྗེ་ལེན་ཆེ་ཤོས་སུ་གྱུར་འདུག་པ་དང་། སྐབས་དེར་པུ་ཊིན་གྱིས་ནུབ་ཕྱོགས་ནས་བཙོན་གྲོལ་ཐོབ་པའི་སོ་སོའི་མི་རྣམས་གནམ་ཐང་ནས་བསུས་འདུག
ཟླ་འདིའི་ཚེས་༢ ་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོར་ཏུར་ཀི་རྒྱལ་ཁབ་ཀྱི་ཨན་ཀ་ར་(Ankara) ་ཞེས་པའི་གནམ་ཐང་དུ་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཚོའི་བར་བཙོན་པ་༢༤ བརྗེ་ལེན་བྱས་ནས་གྲང་དམག་གི་དུས་སྐབས་ནས་བཟུང་བཙོན་པ་བརྗེ་ལེན་བྱས་པ་ཆེ་ཤོས་སུ་གྱུར་ཡོད་འདུག
དེ་ཡང་ཨ་རི་ཕོ་བྲང་དཀར་པོས་ཨུ་རུ་སུས་བཙོན་པ་༡༦ གློད་བཀྲོལ་བཏང་ཡོད་པ་དང་། བཙོན་པ་དེ་དག་གི་ཁྲོད་(Wall Street Journal) ་ཞེས་པའི་གསར་ཁང་གི་གསར་འགོད་པ་ཨེ་ཝན་གྷེར་ཤི་ཁོ་ཝི་ཆི་(Evan Gershkovich) ་ཡང་ཚུད་ཡོད་ཅིང་། ད་ལྟའི་ཆར་ཁོང་ཚོ་ཨ་རི་དང་ཡུ་རོབ་ལ་ལོག་བཞིན་པ་རེད་ཅེས་བརྗོད་འདུག ཨུ་རུ་སུས་གློད་བཀྲོལ་བཏང་བའི་བཙོན་པ་༡༦ ནང་གི་གཅིག་ནི་ཕྱི་ལོ་༢༠༡༨ ལོར་གསང་མྱུལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ཨ་རིའི་མཚོ་དམག་ཟུར་པ་(Paul Whelan) ་ཞེས་པ་ཁོང་ཡིན་ཞིང་། ཨུ་རུ་སུས་ཕྱི་ལོ་༢༠༢༠ ལོར་ཁོང་ལ་ལོ་ངོ་༡༦ ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
བཙོན་པ་དེ་དག་གི་ཚབ་ཏུ་ཨ་རི་དང་ནོར་ཝེ། འཇར་མན་དང་པོ་ལན་ཌི། སི་ལོ་ཝེ་ནི་ཡ་བཅས་ཀྱི་བཙོན་ཁང་དུ་ཡོད་པའི་ཨུ་རུ་སུའི་བཙོན་པ་༨ གློད་བཀྲོལ་བཏང་ཡོད་པའི་ཁྲོད་གསང་བའི་ལས་དོན་སྤེལ་བའི་ཉེས་འཛུགས་བྱས་པའི་མི་སྣ་ཡང་ཡོད་འདུག་པ་མ་ཟད། བཙོན་པ་གཉིས་ཀྱི་ཕྲུ་གུ་ཡང་ཨུ་རུ་སུ་ལ་ཕྱིར་ལོག་བྱས་ཡོད་འདུག
ཨུ་རུ་སུས་ཚེ་བཙོན་གྱི་ཉེས་ཆད་བཅད་པའི་བཙོན་པ་ཝ་ཌིམ་ཁ་ར་སི་ཁོབ་(Vadim Krasikov) ་ཕྱིར་སློག་དགོས་པའི་རེ་འདུན་བཏོན་པ་ནས་བཙོན་པ་བརྗེ་ལེན་གྱི་གྲོས་མཐུན་ལེགས་གྲུབ་བྱུང་བར་ཟླ་བ་༡༨ ཙམ་འགོར་ཡོད་འདུག ཝ་ཌིམ་ཁ་ར་སི་ཁོབ་ཀྱིས་ཕྱི་ལོ་༢༠༡༩ ཟླ་༨ ་ཚེས་༢༣ ་ཉིན་འཇར་མན་དུ་ཨུ་རུ་སུའི་དམག་མིར་འཐབ་འཛིང་བྱེད་མྱོང་མཁན་ཇོར་ཇི་ཡའི་མི་སེར་ཞིག་དམར་གསོད་བཏང་ཡོད་པ་དང་། ཕྱི་ལོ་༢༠༢༡ ལོར་འཇར་མན་གཞུང་གིས་ཁོ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཅིང་། ཁྲིམས་དཔོན་ཚོས་ཨུ་རུ་སུའི་དབང་འཛིན་པ་ཚོས་མི་དེ་ལ་ལག་འཁྱེར་རྫུན་མ་དང་དམར་གསོད་གཏོང་བྱེད་ཀྱི་མཐུན་རྐྱེན་སོགས་མཁོ་སྤྲོད་བྱས་ནས། བཀའ་རྒྱ་བཏང་བ་ལྟར་ཁོས་ལས་དོན་བསྒྲུབས་ཡོད་པ་རེད་ཅེས་བརྗོད་འདུག ད་ལྟའི་ཆར་ཁོ་རང་ཚེ་བཙོན་ལས་ཐར་ནས་ཨུ་རུ་སུ་ལ་འབྱོར་ཟིན་ཡོད་འདུག
ཨ་རིའི་སྲིད་གཞུང་གི་ལས་བྱེད་རྒན་གྲས་ཚོས་ཁོ་ལ་མི་ངན་ཞེས་བརྗོད་ཅིང་། ཁོ་ནི་ཨུ་རུ་སུས་ཕྱིར་ལེན་འདོད་(ཉ་ཆེ་ཤོས) ་ཡོད་པའི་མི་སྣ་གལ་ཆེ་ཤོས་ཤིག་རེད་ཅེས་བརྗོད་འདུག ད་བར་ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་ཨུ་རུ་སུའི་བར་བཙོན་པ་བརྗེ་ལེན་ཐེངས་མང་བྱུང་ཡོད་ན་ཡང་ཐེངས་འདིའི་བརྗེ་ལེན་ཁྲོད་བཙོན་པ་༢༤ བརྗེ་ལེན་བྱས་ཡོད་པ་ནི་གྲང་དམག་རྗེས་ཀྱི་བཙོན་པ་བརྗེ་ལེན་ཆེ་ཤོས་དེ་ཆགས་ཡོད་འདུག
ཨུ་རུ་སུའི་སྲིད་འཛིན་གྱིས་གློད་བཀྲོལ་བཏང་བའི་བཙོན་པ་རྣམས་བསུ་ཕྱིར་གནམ་ཐང་བར་དུ་ཡོང་སྟེ། ཁོང་ཚོར་ལག་པ་བཏང་བ་དང་འགའ་ཤས་ལ་འཐམ་འཁྱུད་བྱས་པ། འགའ་ཤས་ལ་མེ་ཏོག་སྤྲད་པ། གནམ་ཐང་གི་ཁང་པའི་ནང་དུ་གློད་བཀྲོལ་ཐོབ་པའི་བཙོན་པ་རྣམས་རྒྱལ་ཁབ་ཏུ་ཕྱིར་ལོག་བྱུང་བར་འཚམས་འདྲི་ཞུས་པ་མ་ཟད། དམག་དོན་ཞབས་ཞུ་དང་ཐད་ཀར་འབྲེལ་བ་ཡོད་མཁན་ཚོའི་མ་འོངས་པའི་སྐོར་གྲོས་མོལ་བྱེད་རྒྱུ་དང་། ཁོང་ཚོས་རྒྱལ་ཁབ་དང་སོ་སོའི་དམ་བཅའ་བརྟན་པོ་སྲུང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཏེ་ཚང་མ་ལ་རྒྱལ་ཁབ་ཀྱི་གཟེངས་རྟགས་འབུལ་རྒྱུ་ཡིན་ཞེས་བརྗོད་འདུག
ཨ་རིའི་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་གཉིས་ཀྱིས་ཀྱང་གནམ་ཐང་དུ་ཕེབས་ནས་ཨུ་རུ་སུས་གློད་བཀྲོལ་བཏང་བའི་བཙོན་པ་གསུམ་ལ་འཐམ་འཁྱུད་དང་ལག་འཇུ་བྱས་ནས་ཕེབས་བསུ་ཞུས་ཡོད་འདུག སྲིད་འཛིན་བྷ་ཌན་གྱིས་ཐེངས་འདིའི་བཙོན་པ་བརྗེ་ལེན་ཁྲོད། ཨུ་རུ་སུས་ཨ་རིའི་བཙོན་པ་༤ དང་འཇར་མན་གྱི་བཙོན་པ་༥ དེ་བཞིན་ཨུ་རུ་སུའི་མི་སེར་ཡིན་པའི་ཆབ་སྲིད་བཙོན་པ་༧ བཅས་ཁྱོན་བསྡོམས་བཙོན་པ་༡༦ ་གློད་བཀྲོལ་བཏང་ཡོད་པ་དང་། སྲིད་འཛིན་བྷ་ཌན་གྱིས་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་གྲོས་མོལ་གྱི་བརྒྱུད་རིམ་ཁྲོད་མཐུན་ཕྱོགས་རྒྱལ་ཁབ་འཇར་མན་དང་ནོར་ཝེ། པོ་ལན་ཌི་དང་ཏུར་ཀི་སོགས་མཉམ་དུ་ཡོད་པས་ཐུགས་རྗེ་ཆེ་ཞུས་འདུག
སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་གང་སར་ཡོད་པའི་ཁྲིམས་འགལ་གྱིས་བཀག་ཉར་བྱས་པའི་ཨ་རིའི་མི་སེར་ཡོངས་རྫོགས་སོ་སོའི་ནང་མི་དང་མཉམ་འཛོམས་མ་བྱུང་བར་ལས་དོན་འདི་མཚམས་འཇོག་བྱེད་རྒྱུ་མིན་པ་དང་། བྷ་ཌན་སྲིད་གཞུང་གིས་ད་བར་ཨ་རིའི་མི་སེར་༧༠ ལྷག་ཕྱིར་ལོག་བྱེད་ཐུབ་ཡོད་པའི་ནང་ནས་མང་པོ་ཞིག་ཁོང་ཉིད་སྲིད་འཛིན་མ་བྱས་གོང་ནས་བཙོན་འཇུག་བྱས་ཡོད་པ་དང་། ད་དུང་ཡང་ནང་མི་མང་པོ་ཞིག་སྡུག་བསྔལ་མྱོང་བཞིན་པ་དང་རང་གི་གཅེས་པའི་ནང་མི་དང་ཁ་བྲལ་ནས་བསྡད་ཡོད། ཨ་རིའི་མི་སེར་དེ་དག་ཕ་ཡུལ་དུ་ཕྱིར་ལོག་བྱེད་རྒྱུ་ལས་ལྷག་པའི་གལ་ཆེ་བའི་ལས་འགན་ཁོང་ལ་མེད་ཅེས་བརྗོད་འདུག
སྲིད་འཛིན་གཞོན་པ་ཀ་མ་ལ་ཡིས་སྲིད་འཛིན་བྷ་ཌན་ལ་བསྔགས་བརྗོད་བྱས་ཤིང་། ཁྲིམས་འགལ་གྱིས་བཀག་ཉར་བྱས་པའི་ཨ་རི་བ་ཡོངས་རྫོགས་ནང་མི་དང་མཉམ་འཛོམས་མ་བྱུང་བར་སྲིད་འཛིན་བྷ་ཌན་གྱི་ལས་ཀ་མཚམས་འཇོག་བྱེད་ཀྱི་མ་རེད་ཅེས་བརྗོད་འདུག།།
གསར་འགོད་པ།བློ་བཟང་རྒྱ་མཚོ།