ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་རྟགས་མ་རིན་སྤར་ཚོང་བསྒྱུར།
ཨུ་རུ་སུའི་གསར་ཤོག་(Novaya Gazeta) ཡིས་སྤྱི་ཁྱབ་རྩོམ་སྒྲིག་པ་དང་ནོ་སྦེལ་ཞི་བདེའི་གཟེངས་བཞེས་མཁན་སྐུ་ཞབས་མུའུ་རེ་ཐུའོ་(Dmitry Muratov) ཡིས་དམག་འཁྲུག་གི་རྐྱེན་ངན་འཕྲད་པའི་ཡུ་ཀེ་རེན་གྱི་ཡུལ་གྱར་བའི་ཕྲུ་གུ་དག་ལ་རོགས་སྐྱོར་ཆེད། ཁོང་ལ་ཕྱི་ལོ་༢༠༢༡ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་རྟགས་མ་དེ་རིན་སྤར་ཚོང་བསྒྱུར་བྱེད་རྒྱུ་ཡིན་པ་བརྗོད་འདུག
ནོ་སྦེལ་ལྷན་ཚོགས་ནས་སྐུ་ཞབས་མུའུ་རེ་ཐུའོ་ལ་འབུལ་བཞེས་མཛད་པའི་ནོ་སྦེལ་ཞི་བདེའི་རྟགས་མ་དེ་རིན་སྤར་ཚོང་བསྒྱུར་བྱས་ནས། ཡུ་ཀེ་རེན་གྱི་ཡུལ་གྱར་བའི་ཕྲུ་གུ་ཚོར་རོགས་སྐྱོར་བྱེད་རྒྱུ་ཡིན་པ་བརྗོད་ཡོད་པ་མ་ཟད། རྟགས་མ་བཙོང་བའི་མ་དངུལ་དེ་དག་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཛ་དྲག་བྱིས་པའི་རོགས་སྐྱོར་ཐེབས་རྩ་(United Nations International Children’s Emergency Fund) བརྒྱུད་ནས་ཡུ་ཀེ་རེན་གྱི་ཡུལ་གྱར་བའི་ཕྲུ་གུ་ཚོར་རོགས་སྐྱོར་གནང་རྒྱུ་ཡིན་པ་དང། སྐུ་ཞབས་ཁོང་ལ་ནོ་སྦེལ་ལྷན་ཚོགས་ནས་འབུལ་བཞེས་མཛད་པའི་ཨ་སྒོར་༥༠༠༠༠༠ ཞིག་དགེ་རྩ་ཚོགས་པར་ཞལ་འདེབས་གནང་ཟིན་པ་མ་ཟད། ཁོང་གི་དམིགས་ཡུལ་ནི་སྐྱབས་བཅོལ་བའི་ཕྲུ་གུ་དེ་དག་གི་མི་ཚེའི་མདུན་ལམ་གསར་པ་ཞིག་ཡོང་རྒྱུ་ཡིན་པ་བརྗོད་འདུག
ཨུ་རུ་སུའི་ནང་བརྟེན་གཞི་བྱས་པའི་གསར་ཤོག་(Novaya Gazeta) དེ་ནི་སྐུ་ཞབས་མུའུ་རེ་ཐུའོ་ཡིས་གསར་བཙུགས་བྱས་པ་ཞིག་ཡིན་པ་མ་ཟད། ཨུ་རུ་སུའི་སྲིད་གཞུང་གི་བྱ་སྤྱོད་ལ་གསར་ཁང་དེས་སྐྱོན་བརྗོད་ཤུགས་ཆེན་བྱས་པའི་དབང་གིས་སྲིད་གཞུང་ནས་གསར་ཁང་དེ་སྒོ་བརྒྱབ་ཡོད་འདུག
དེ་བཞིན་སྐུ་ཞབས་མུའུ་རེ་ཐུའོ་ཡིས་ཤུལ་བཞག་རྒྱུ་དངོས་ཚོང་ར་ (Heritage Auctions) ཞེས་པའི་དྲ་བརྙན་ཞིག་གི་ནང་དུ་བཤད་དོན། “མི་རྣམས་ཀྱིས་ཁོ་ཚོའི་རྩ་ཆེའི་རྒྱུ་ནོར་ཕམ་ཚོང་བརྒྱབ་ནས་ཡུ་ཀེ་རེན་ལ་རོགས་རམ་བྱེད་བཞིན་ཡོད་པ་དེར་ང་ཚོས་མིག་དཔེ་ལྟ་དགོས་”ཞེས་གསུངས་ཡོད་འདུག
ནོ་སྦེལ་ལྷན་ཚོགས་ནས་སྐུ་ཞབས་མུའུ་རེ་ཐུའོ་དང་སྐུ་ཞབས་རེ་སར་(Maria Ressa) གཉིས་ལ་ཕྱི་ལོ་༢༠༢༡ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་མ་ཟད། ཁོང་གཉིས་ནས་སྨྲ་བརྗོད་ཀྱི་རང་དབང་སྲུང་སྐྱོབ་ཐད་ལ་འབད་བརྩོན་བྱས་པ་དེ་ནི་མང་གཙོ་དང་ཞི་བདེ་ཡུན་གནས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་བཞིན་ཡོད་པ་དེར་བསྔགས་བརྗོད་བྱས་ཡོད་འདུག །
གསར་འགོད་པ་ཆོས་གྲགས།