པ་ཀི་སི་ཐན་གྱི་བུད་མེད་རྒྱ་ནག་ལ་བཙོང་བ།

ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་གྱི་གསར་ལམ་Hindustantimes ཐོག་གནས་ཚུལ་སྤེལ་བ་ལྟར་ན། པ་ཀི་སི་ཐན་གྱི་བུད་མེད་ན་གཞོན་༥༠༠ ནས་༡༠༠༠ བར་ནང་མིས་རྒྱ་ནག་གི་ཚོང་པ་ཁག་ལ་བཙོང་གི་ཡོད་པ་རེད།

ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་གྱི་གསར་ལམ་Hindustantimes ཐོག་གནས་ཚུལ་སྤེལ་བ་ལྟར་ན། པ་ཀི་སི་ཐན་གྱི་བུད་མེད་ན་གཞོན་༥༠༠ ནས་༡༠༠༠ བར་ནང་མིས་རྒྱ་ནག་གི་ཚོང་པ་ཁག་ལ་བཙོང་གི་ཡོད་པ་རེད།

བུད་མེད་དེ་རྣམས་པ་ཀི་སི་ཐན་གྱི་མི་སྡེ་དབུལ་ཕོངས་ཡི་ཤུའི་ཆོས་ལུགས་ཁོངས་སུ་གཏོགས་ཀྱི་ཡོད་པ་དང་། ནང་མིའི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡོད་པའི་དབང་གིས་བཙན་དབང་གི་ཐོག་བཙོང་ནས་རྒྱ་ནག་ནུབ་བྱང་གི་གྲོང་གསེབ་ཁག་ལ་ཁྲིད་དེ། ཁྱོ་གས་གྲོགས་པོ་ལ་སོགས་པའི་ཆ་རྒྱུས་མེད་པའི་མི་མང་པོར་བཙན་གཡེམ་བྱེད་དུ་འཇུག་གི་ཡོད་པ་དང་། དུས་རྒྱུན་ནས་ནང་ལ་བྲན་གཡོག་ལྟར་ཉར་གྱི་ཡོད་པ་མ་ཟད་ཁྱོ་གས་དོན་མེད་ཉེས་སྡུང་བཏང་བས་བུད་མེད་མང་པོ་ནང་ལ་ཕྱིར་ལོག་བྱེད་ཐུབ་པ་བྱུང་འདུག

ལོ་ན་༡༩ ཡིན་པའི་ནེ་ཏ་ཤཱ་མ་སི་(Natasha Masihg) ཡིས་པ་ཀི་སི་ཐན་གྱི་ཨེ་པེ་(AP) གསར་ལམ་ཐོག་ཏུ་བཤད་དོན། ཁོ་མོའི་ཁྱོ་གས་ཧ་ཅང་སྡུག་པོ་བཏང་སྐོར་ཁ་པར་བརྒྱུད་ནས་ཨ་མ་ལ་བཤད་ཀྱི་ཡོད་པ་ཧ་གོ་ནས། མོ་གྲོང་གསེབ་ཀྱི་མགྲོན་ཁང་ཞིག་ནང་བདུན་ཕྲག་དུ་མར་བཞག་ནས་སྐྱེས་པ་མང་པོས་བཙན་གཡེམ་བཏང་བ་དང་། ཁྱོ་གས། ཁྱོད་རང་ངས་ཉོས་ཚར་པས་ཁྱོད་ང་ལ་དབང་བ་རེད། གང་བྱེད་ངའི་འདོད་པ་རེད་ཅེས་བརྗོད་འདུག ད་དུང་མོ་འདྲ་བས་བུད་མེད་མང་པོ་སྨད་ཚོང་ཁང་ལ་བཙོང་གི་ཡོད་འདུག

དེ་ཡང་པ་ཀི་སི་ཐན་གྱི་ཚོང་པ་དང་རྒྱའི་ཚོང་པ་དབར་སྔ་མོ་ནས་ཚོང་འབྲེལ་ཧ་ཅང་ཡག་པོ་ཡོད་པ་དང་། རྒྱ་མིའི་ཚོང་པ་རྣམས་པ་ཀི་སི་ཐན་ཏུ་ཚོང་འབྲེལ་སླད་འབྱོར་སྐབས། ན་གཞོན་བུད་མེད་ཆུང་མར་དགོས་ཁུལ་གྱིས་ཕ་མའི་སར་ཉོས་ཏེ། མཐར་མང་པོ་ཞིག་རྒྱ་ནག་གི་སྨད་ཚོང་ཁང་ལ་བཙོང་གིས་ཡོད་པ་དང་། དེ་དག་གི་ཕ་མའི་སེམས་ནང་རང་ཉིད་ཀྱི་བུ་མོའི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བྱུང་སོང་སྙམ་གྱི་ཡོད་ཀྱང་། དོན་དངོས་ཐོག་བུད་མེད་དེ་དག་ནི་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་བྲན་གཡོག་ལྟར་གནས་བཞིན་ཡོད་འདུག

མ་ཟད་བུད་མེད་ན་གཞོན་མང་པོས་རང་ཉིད་ཀྱི་དཀའ་སྡུག་རྣམས་ཕ་མ་ལ་ཁ་པར་བརྒྱུད་ནས་བཤད་ཕོད་ཀྱི་མེད་པ་དང་། ཡང་ཁ་ཤས་ཀྱི་ནང་མིའི་འཚོ་བའི་དཀའ་ངལ་ལ་བསམ་ཤེས་བྱས་ཏེ་བཟོད་སྒོམ་བྱེད་བཞིན་ཡོད་འདུག དེ་བཞིན་པ་ཀི་སི་ཐན་གྱི་རྟོག་ཞིབ་ཚན་པས་གནས་ཚུལ་འདིར་ཞིབ་འཇུག་བྱེད་སྐབས། མཐོ་རིམ་སྲིད་གཞུང་ནས་ཐེ་བྱུས་བྱེད་རྒྱུ་མེད་པས་བཀའ་བཏང་འདུག

རྒྱུ་མཚན་ནི་རྒྱལ་ཁབ་གཉིས་དབར་གྱི་ཚོང་འབྲེལ་དང་པ་ཀི་སི་ཐན་ནང་ལམ་གསར་བཟོ་ཆེད་རྒྱ་ནག་གཞུང་ནས་རོགས་དངུལ་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་གཏོང་བཞིན་ཡོད་པས། དེ་དག་ལ་ཉེན་ཚབས་མ་ཡོང་བའི་སླད་དུ་རེད་ཅེས་བཤད་བཞིན་འདུག །

གསར་འགོད་སྦྱོང་བརྡར་བ་བཀྲ་ཤིས་ཆོས་སྒྲོན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།