པཎ་ཆེན་གྱི་མཛད་རྗེས་ངོ་མ་ཕྲོད་པར་འགྱོད་བཤགས་དགོས་རེད།

ཟླ་འདིའི་ཚེས་༢༥ ཉིན་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༢༥ ཟིན་པའི་འཁྲུངས་སྐར་སྲུང་བརྩི་དང་། ཁོང་དགུང་ལོ་དྲུག་ཐོག་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ། ད་ལྟའི་གནས་སྟངས་གསལ་རྟོགས་མེད་པའི་གནས་སུ་གྱུར་ཡོད་སྐོར་བསྒྲགས་སོང་།

ཟླ་འདིའི་ཚེས་༢༥ ཉིན་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༢༥ ཟིན་པའི་འཁྲུངས་སྐར་སྲུང་བརྩི་དང་། ཁོང་དགུང་ལོ་དྲུག་ཐོག་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ། ད་ལྟའི་གནས་སྟངས་གསལ་རྟོགས་མེད་པའི་གནས་སུ་གྱུར་ཡོད་སྐོར་བསྒྲགས་སོང་།

penchen1_2014_4_26དེ་ཡང་ཕྱི་ཟླ་༤ ཚེས་༢༥ ཉིན་གྱི་ཕྱི་དྲོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭ་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ལྷན། ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐོར་ལ་རྟེན་འབྲེལ་མཚོན་མཆེད། མི་མང་དང་ཉིན་མོའི་སློབ་གྲྭའི་སློབ་ཕྲུག་ཚོ་འདུ་འཛོམས་ཐོག་ཡང་སྲིད་ཀྱི་སྐུ་པར་སྒྲིག་གཤོམ་དང་། མངར་ཟས་རིགས་འདྲ་མིན་སྤྲད་དེ་དུས་དྲན་བྱས་ཡོད་པ་རེད། དེ་བཞིན་ཡང་སྲིད་ཁོང་དགུང་ལོ་དྲུག་ཐོག་༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་མ་ཐག རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ། ད་ལྟའང་ས་གནས་གང་ཞིག་ཏུ་ཡོད་ཙམ་ཡང་གསལ་ཁ་མེད་པའི་རྒྱལ་སྤྱིའི་ཐོག་ནས་ཁོང་འཚོལ་ཞིབ་དགོས་པའི་འབོད་སྐུལ་གྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།

ཉིན་དེའི་ཕྱི་དྲོ་ཆུ་ཚོད་༤།༣༠ ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་ནང་། པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་གཤེགས་པ་དང་། སྐུ་ཕྲེང་བཅུ་གཅིག་པ་འཁྲུངས་ནས་ལོ་༢༥ འཁོར་བའི་དུས་ཚིགས་སྲུང་བརྩི་དང་། བཀའ་དྲིན་རྗེས་དྲན་ཆེད། པཎ་ཆེན་སྐུ་ཕྲེང་བཅུ་པའི་བོད་མིའི་བདེ་སྡུག་སྙན་ཞུ་རྒྱ་ནག་གཞུང་ལ་ཕུལ་བའི་སྐོར་ལ། “པཎ་ཆེན་སྙིང་སྟོབས་དང་། ཡིག་འབྲི་ཁྲི་བདུན་བསྐྱར་དུ་གླེང་བ་”ཞེས་པའི་བགྲོ་གླེང་ཞིག་ཀྱང་འཚོགས་ཡོད་པ་རེད།

ཚོགས་ཐོག་ཏུ་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མས་ཚོགས་འདུ་ངོ་སྤྲོད་གསུང་བཤད་དང་། <<ཡིག་འབྲི་ཁྲི་བདུན་>>གྱི་དཔེ་དེབ་བསྐྱར་དུ་པར་སྐྲུན་དབུ་འབྱེད་གནང་ཡོད་པ་རེད།

དེ་ནས་བུད་མེད་དབུས་རྒྱུན་ཉམས་ཞིབ་པ་པད་མ་ཆོས་སྒྲོན་གྱི་བགྲོ་གླེང་གཙོ་སྐྱོང་འོག བཀའ་ཤག་གི་གྲོས་སྟོན་པ་ཚེ་རིང་དབང་ཕྱུག་གིས་“པཎ་ཆེན་སྐུ་གོང་མའི་བོད་ཁུལ་རང་སྐྱོང་དང་། དབུ་མའི་ལམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་སྟངས་བསྡུར་དཔྱད་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐབས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་རྒྱ་ནག་གཞུང་ལ་ཕུལ་དུས་དང་། བཙན་བྱོལ་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ཀྱི་དུས་ཚོད་བར་ལོ་ ༣༠ ལྷག་གི་ཁྱད་པར་ཡོད་སྐོར་དང་། དགོས་འདུན་དང་དམིགས་ཡུལ་གྱི་ཆ་ནས་གཅིག་མཚུངས་ཆགས་ཀྱི་ཡོད་སྐོར།པཎ་ཆེན་རིན་པོ་ཆེས་བོད་མིའི་བདེ་སྡུག་གི་སྙན་ཞུ་རྒྱ་ནག་གཞུང་ལ་ཕུལ་ནས། རྒྱ་གཞུང་གིས་རིན་པོ་ཆེ་བཙོན་འཇུག་དང་། མནར་གཅོད་བཏང་བའི་བརྒྱུད་རིམ། རྗེས་སུ་ཡང་འགོ་ཁྲིད་ཀྱི་གོ་གནས་ཕུལ་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།

པད་མ་ཆོ་སྒྲོན། ཚེ་རིང་དབང་ཕྱུག སྨོན་ལམ་མཐར་ཕྱིན། གསེར་རྟ་ཚུལ་ཁྲིམས།
པད་མ་ཆོ་སྒྲོན། ཚེ་རིང་དབང་ཕྱུག སྨོན་ལམ་མཐར་ཕྱིན། གསེར་རྟ་ཚུལ་ཁྲིམས།

བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་“བོད་ལ་ངོ་མ་འཕྲོད་པའི་པཎ་ཆེན་མཆོག་གི་མཛད་པ་ཁག་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐབས། པཎ་ཆེན་རིན་པོ་ཆེའི་མཛད་རྗེས་བཀའ་སློབ་ཁག་བོད་མི་ཚང་མས་ཤེས་ཀྱི་ཡོད་ནའང་། ལག་ལེན་ཐོག་ཁག་པོ་ཆགས་ཀྱི་ཡོད་སྐོར་དང་། པཎ་ཆེན་རིན་པོ་ཆེས་“ལས་ལ་བརྩོན་ཞིང་དཔའ་ངལ་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚུད་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་བྱས་རྗེས་ཕྲ་མོ་ཙམ་ཡང་མི་འཇོག་རྒྱུ་ངའི་ལོ་རྒྱུས་ནང་དམ་བཅའ་ཡིན་”ཞེས་གསུངས་པ་དེ་བསྡོམས་ཚིགས་རེད་ལ། དེ་ཤེས་ན་ངོས་ཟིན་པ་ཡིན་སྐོར་དང་། ཁོང་གིས་བཙན་བྱོལ་ནང་སྐུ་ཚབ་ཁག་རྒྱ་ནག་ཏུ་འགྲོ་སྐབས། ༧གོང་ས་མཆོག་སྐུ་གཟུགས་བདེ་ཐང་ཡིན་མིན་སྐོར་བཀའ་འདྲི་གནང་གི་ཡོད་པས། ༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་དགོས་པ་ཁོང་གི་དགོངས་གཞི་གཅིག་རེད། བཙན་བྱོལ་ནང་ཚོགས་པ་ཚང་མས་དེའི་སྐོར་ལ་གྲོས་ཆོད་རེ་འཇོག་གི་ཡོད་པ་རེད་མོད། ང་ཚོའི་བོད་མི་ནང་ཁུལ་དུ་སྐུ་ཕྱྭ་སྲུང་སྐྱོབ་ཟེར་དུས་ཕན་ཚུལ་ལ་སྐྱོན་བརྗོད་བྱེད་ཆེད་འདྲ་ཆགས་ཀྱི་ཡོད་སྐོར་ཡང་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་གསུང་དོན། “པཎ་ཆེན་རིན་པོ་ཆེར་བོད་ཕྱི་ནང་གཉིས་ནས་ཐུགས་ལ་མ་འདོད་པའི་རྣམ་པ་མང་པོ་བྱུང་འདུག ཐོག་མ་བཙོན་ནས་གློད་གྲོལ་རྗེས། ཁོང་གིས་དགོངས་གཞི་རྒྱ་ཆེན་པོ་བཞེས་ནས། གངས་ཅན་ཚོང་ཁང་དེ་ཚོ་བཙུགས་སྐབས། ཚོང་པ་རྒྱག་པ་ཟེར་མཁན་བྱུང་བ་རེད། དེ་བཞིན་བོད་ཕྱི་ལོགས་ནས་ཀྱང་བྱུང་མ་མྱོང་རེད་མི་འདུག དྷ་རམ་ས་ལ་རང་ནས་པཎ་ཆེན་རིན་པོ་ཆེར་ངོ་རྒོལ་ཆེད་གོམ་བགྲོད་བྱས་པ་ཡང་བྱུང་འདུག དེ་ཚོ་ངོ་མ་འཕྲོད་ནས་བྱུང་བ་ཡིན་གྱི་རེད། ཁ་སང་དེ་རིང་པཎ་ཆེན་རིན་པོ་ཆེས་གནང་ཚད་ཚང་མ་འགྲིག་བསྡད་ཡོད་པ་རེད་གསུང་གི་ཡོད་པས། དེ་ཚོ་འགྲིག་ཡོད་ན་ང་ཚོར་ངོ་མ་འཕྲོད་པ་དེ་འགྱོད་བཤགས་བྱེད་དགོས་པ་ཆགས་འདུག་”ཅེས། པཎ་ཆེན་པོ་རིན་པོ་ཆེ་བལ་ཡུལ་དུ་ཕེབས་སྐབས་ཀྱང་། གནས་སྟངས་འདྲ་མིན་བྱུང་བ་དང་། པཎ་ཆེན་རིན་པོ་ཆེ་ཚེ་དབང་གནང་སྐབས་བོད་མི་མང་པོ་འཛོམས་མ་ཐུབ་པའི་སྐོར་སོགས་བྱུང་བའི་གནས་ཚུལ་ངོ་སྤྲོད་གནང་སོང་།

ཚོགས་པ་ཁག་གིས་པཎ་ཆེན་ཡང་སྲིད་ཀྱི་སྐུ་པར་འགྲེམས་སྤེལ།
ཚོགས་པ་ཁག་གིས་པཎ་ཆེན་ཡང་སྲིད་ཀྱི་སྐུ་པར་འགྲེམས་སྤེལ།

བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་“གལ་སྲིད་པཎ་ཆེན་ཆུང་སྲིད་མཆོག་བཞུགས་མེད་ན་ག་རེ་བྱེད་ཀ་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐབས། ཁོང་གིས་མུ་མཐུད་ཡང་སྲིད་ད་ལྟ་བཞུགས་མེད་ན་མ་འོངས་པར་གེ་བྱེད་དགོས་བཤད་ཚོད་ཁག་པོ་ཡིན་སྐོར་གསུང་དོན། “༢༠༠༢ ལོ་བོད་རྒྱ་ཞི་མོལ་འགོ་འཛུགས་བྱས་ཏེ། བར་ལམ་ཞིག་ནས་བཀའ་ཤག་གིས་རྒྱ་ནག་གཞུང་ནས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེར་པཎ་ཆེན་རྫུན་མ་ལབ་ན་འགྲིག་མ་རེད་ཅེས་གསལ་བསྒྲགས་སྤེལ་བ་རེད། བོད་རྒྱའི་གནས་སྟངས་ལ་འགྱུར་བ་འགྲོ་བའི་དབང་དུ་བཏང་ན། དེའི་སྐབས་ང་ཚོས་བསམ་བློར་དྲན་མ་ཕོད་དང་། ཚོད་དཔག་བྱེད་མ་ཐུབ་པ་ཡོང་སྲིད་པ་རེད། སྔོན་མ་བཀའ་ཤག་གི་གསལ་བསྒྲགས་དེར་རྒྱབ་ལྗོངས་མེད་པ་ཡིན་གྱི་མ་རེད་”ཅེས་དང་། སྔོན་མ་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་། ད་ལྟའི་སྐུ་ཕྲེང་༡༡ པ་ངོས་འཛིན་བྱེད་སྟངས་སྐོར་འདྲ་ས་མང་པོ་ཡོད་སྐོར་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ངོས་འཛིན་སྐབས། ཕྲུ་གུ་གསུམ་གྱི་ནང་ནས་ད་ལྟ་ཕྱི་རྒྱལ་ལ་ཡོད་པའི་འོས་སྤྲུལ་དེ་སྡེ་བ་བཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་རྒྱུ་གཏན་ཁེལ་ཡོད་སྐོར་དང་། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཆ་རྐྱེན་འོག་མཚོ་སྔོན་དུ་སྐུ་འཁྲུངས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དེ་ངོས་འཛིན་བྱས་སྐོར་༧གོང་ས་མཆོག་གིས་མཛད་པའི་ཁོང་གི་མཛད་རྣམ་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>>ནང་དུ་འཁོད་ཡོད་སྐོར་ལུང་འདྲེན་དང་འབྲེལ་ནས་ངོ་སྤྲོད་གནང་སོང་ལ། པཎ་རིན་པོ་ཆེ་བོད་ལ་བཀའ་དྲིན་ཅན་གྱི་རླབས་ཆེན་མི་སྣ་ཞིག་ཆགས་ཡོད་པ་དང་། ཁོང་ད་ལྟ་བའི་མཚན་གནས་དང་ལས་གནས་ཡོད་མཁན་ཞིག་གིས་མི་ཚེ་སྐྱིད་པོ་བྱས་ནས་བསྐྱལ་འགྲིག་གི་ཡོད་ཀྱང་། བོད་མི་རིགས་ཀྱི་བདེ་སྡུག་ཆེད་རྒྱ་གཞུང་གི་བཙོན་དུ་ཚུད་པ་དང་མནར་གཅོད་མྱངས་སྐོར་དང་། ད་ལྟ་རྒྱལ་མཚན་ནོར་བུ་ཡང་བོད་པ་ཞིག་ཡིན་པས། པཎ་ཆེན་སྐུ་གོང་མ་བཞིན་རྒྱ་ནག་གི་འདོད་པ་ལྟར་ལག་ཆ་བྱེད་མ་ཐུབ་པ་ཡང་ཡོང་སྲིད་སྐོར་ངོ་སྤྲོད་གནང་སོང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།