པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་༢༤ འཁོར་བའི་དྲན་གསོ།
ཟླ་འདིིའི་ཚེས་༡༧ ཉིན་གྱི་དགོང་མོ་པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་ལྟའང་གནས་སྟངས་ག་རེ་ཆགས་མིན་གསལ་ཁ་མེད་པར་ལོ་༢༤ འཁོར་གྱི་ཡོད་པས། དྷ་སའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཁོང་རྩད་གཅོད་ཡོང་ཐབས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
ཟླ་འདིིའི་ཚེས་༡༧ ཉིན་གྱི་དགོང་མོ་པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་ལྟའང་གནས་སྟངས་ག་རེ་ཆགས་མིན་གསལ་ཁ་མེད་པར་ལོ་༢༤ འཁོར་གྱི་ཡོད་པས། དྷ་སའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཁོང་རྩད་གཅོད་ཡོང་ཐབས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་ཉིན་དེའི་དགོང་མོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་མི་མང་འདུ་འཛོམས་ཀྱིས་པཎ་ཆེན་རིན་པོ་ཆེའི་སྐུ་པར་གྱི་གདོང་འབག་གྱོན་ནས་པར་བརྒྱབ་པ་ཁྱབ་སྤེལ་དང་། པཎ་ཆེན་སྐུ་ཕྲེང་༡༠ པའི་མཛད་འཕྲིན་མདོར་བསྡུས་དང་། སྐུ་ཕྲེང་༡༡ པ་ངོས་འཛིན་གྱི་བརྒྱུད་རིམ། འཇུ་བཟུང་བཙོན་འཇུག་གི་སྔ་གཞིག་སྐོར་ལ་ཉམས་ཞིབ་བྱས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་བྱས་པའི་གློག་བརྙན་ཞིག་བཤམ་སྟོན་བྱས་ཡོད་པ་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་ཆོས་ཀྱིས། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གིས་འཇུ་བཟུང་བྱས་ནས་གར་སོང་མ་ཆ་མེད་དུ་གྱུར་ཡོད་པ་དང་། དེ་མཚུངས་བོད་མི་ཆབ་སྲིད་བཙོན་པ་གང་མང་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པས། ཁོང་ཚོ་གློད་གྲོལ་ཆེད་ལས་འགུལ་སྤེལ་དགོས་སྐོར་གསུངས་སོང་།
བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་གང་སར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་ཁོང་འཇུ་བཟུང་ཉིན་མོར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་པ་དང་། ད་ཐེངས་ཀྱི་ལས་འགུལ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ཚོགས་པ་བཅས་ཀྱིས་གོ་སྒྲིག་བྱས་ཡོད་པ་རེད།
༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ནི་ཕྱི་ལོ་༡༩༨༩ ལོའི་༤ པའི་ཚེས་༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་འཁྲུངས་ཡོད་པ་དང་། ཕྱི་ལོ་༡༩༩༥ ལོའི་ཟླ་༥ པའི་ཚེས་༡༤ ཉིན་༧གོང་ས་མཆོག་གིས་རྒྱ་གར་ནས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ། ཡང་སྲིད་མཆོག་བཀྲ་ཤིས་ལྷུན་པར་སློབ་གཉེར་གསན་བཞེས་དང་ཆོས་ཕྱོགས་མཛད་འགན་བཞེས་རྒྱུར་རྒྱ་ནག་གཞུང་ལ་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་གནང་མཛད་ཡོད་ནའང་། ལོ་དེའི་ཕྱི་ཟླ་༥ པའི་ཚེས་༡༧ ཉིན་༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་རྣམས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་དང་། དེའི་སྐབས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཆགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།