པེ་རག་གྲོང་ཁྱེར་གྱིས་པེ་ཅིང་དང་འབྲེལ་བ་བཅད་ནས་ཐའེ་པཱེ་དང་འབྲེལ་བ་བྱེད་འཆར།

རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མི་བྱེད་མཁན་པེ་རག་གྲོང་ཁྱེར་སྲིད་གཞུང་གིས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་འབྲེལ་ལམ་བཅད་ཟིན་ཡོད་པ་ལྟར། ཐའེ་ཝན་གྱི་རྒྱལ་ས་ཐའེ་པཱེ་དང་འབྲེལ་ལམ་གྱི་གྲོས་མཐུན་འཇོག་འཆར་ཡོད་འདུག་པ་དང་། དེ་ནི་ཐའེ་ཝན་ལ་མཚོན་ན་གཏམ་བཟང་ཞིག་ཡིན་པ་རེད།

རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མི་བྱེད་མཁན་པེ་རག་གྲོང་ཁྱེར་སྲིད་གཞུང་གིས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་འབྲེལ་ལམ་བཅད་ཟིན་ཡོད་པ་ལྟར། ཐའེ་ཝན་གྱི་རྒྱལ་ས་ཐའེ་པཱེ་དང་འབྲེལ་ལམ་གྱི་གྲོས་མཐུན་འཇོག་འཆར་ཡོད་འདུག་པ་དང་། དེ་ནི་ཐའེ་ཝན་ལ་མཚོན་ན་གཏམ་བཟང་ཞིག་ཡིན་པ་རེད།

ཟླ་༣ པའི་ནང་པེ་རག་གྲོང་ཁྱེར་སྤྱི་ཁྱབ་དཔོན་ཐའེ་ཝན་ལ་སླེབས་སྐབས།

ཟླ་༡༢ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༢ པའི་ཚེས་༢ ཉིན་ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་གྲོང་ཁྱེར་སྲིད་གཞུང་གིས། ཟླ་༡ པོའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པཱེ་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་པེ་རག་དུ་ཡོང་སྐབས། གྲོང་ཁྱེར་གཉིས་དབར་དཔལ་འབྱོར་དང་ཚོང་འབྲེལ། རིག་གཞུང་སོགས་ཀྱི་ཐོག་ལ་མཉམ་ལས་ཀྱི་གྲོས་མཐུན་འཇོག་རྒྱུ་དང་མིང་རྟགས་བཀོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག དེ་ཡང་གྲོས་མཐུན་གྱི་ཡིག་ཆ་དེར་པེ་རག་གྲོང་ཁྱེར་གྱི་གྲོས་ཚོགས་ནང་ཟླ་༡༢ པའི་ཚེས་༡༢ ཉིན་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་འདུག

གྲོས་མཐུན་ཡིག་ཆའི་ནང་དུ་གྲོང་ཁྱེར་གཉིས་བར་གྱི་འབྲེལ་ལམ་དེ་ནི་སྲིད་དོན་དང་འབྲེལ་བ་མེད་ཁར། དཔལ་འབྱོར་དང་ཚན་རིག འཕྲུལ་ཆས། ཡུལ་སྐོར་སྤྲོ་འཆམ། འཕྲོད་བསྟེན་ལྟ་སྐྱོང་སོགས་ཀྱི་ཐོག་ལ་མཉམ་ལས་བྱེད་པའི་གྲོས་མཐུན་ཡིན་སྐོར་འཁོད་ཡོད་འདུག དེ་ཡང་པེ་རག་གི་འགོ་ཁྲིད་རྣམས་ཐའེ་པཱེ་ལ་སྐོར་སྐྱོད་སླེབས་སྐབས། ཕྱོགས་གཉིས་བར་མཉམ་ལས་གྲོས་མཐུན་དེ་གཞུང་འབྲེལ་ཐོག་བཟོ་རྒྱུ་ཐག་གཅོད་བྱུང་བ་ཡིན་འདུག 

དེ་ཡང་དེ་སྔོན་ཡིན་ན་པེ་རག་གྲོང་ཁྱེར་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གྲོང་ཁྱེར་གཉིས་བར། མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད་པ་དང་། གྲོས་མཐུན་ཡིག་ཆའི་ནང་དུ་པེ་རག་གིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་མོས་མཐུན་དང་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༡༨ ལོར་པེ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་གསར་པ་ཛཱེ་ནེག་ཧཱ་རིབ་བསྐོ་གཞག་བྱུང་ཡོད་པ་དང་། ཁོང་ནི་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མེད་མཁན་དང་། བོད་དང་ཐའེ་ཝན་གྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པ་ཡོངས་གྲགས་ལྟར། ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་རྒྱ་ནག་དང་འབྲེལ་བ་བཟང་དུ་གཏོང་ཐབས་གང་ཡོང་བྱེད་བཞིན་ཡོད་མེད་ལ་མ་ལྟོས་པར། ཁོང་གིས་པེ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་ལས་ཁུར་བླངས་ནས་ཟླ་བ་གཅིག་ལས་མ་སོང་བའི་སྐབས་ཏེ། ལོ་སྔོན་མའི་ཟླ་༡ པོའི་ནང་གྲོང་ཁྱེར་དེར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཀྱི་ལྷན་ཚོགས་ཤིག་བསྐོངས་འཚོགས་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་གི་སྐུ་ཚབ་ཀྱིས་ཁོང་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བརྩི་བྱས་ཏེ། ལྷན་ཚོགས་དེ་ནས་ཐའེ་ཝན་གྱི་སྐུ་ཚབ་ཕྱིར་འབུད་གཏོང་བའི་རེ་སྐུལ་བྱས་འདུག་ཀྱང་། ཁོང་གིས་ངོས་ལེན་བྱས་མེད་པས། ཐའེ་ཝན་སྐུ་ཚབ་རྣམས་ལྷན་ཚོགས་དེར་མཉམ་ཞུགས་བྱེད་ཐུབ་པ་བྱུང་འདུག གནད་དོན་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་པེ་རག་གྲོང་ཁྱེར་གྱི་མིང་འཁུར་མཁན་རོལ་དབྱངས་ཚོགས་པ་ཁག་ཅིག རྒྱ་ནག་ནང་འཁྲབ་སྟོན་བྱེད་རྒྱུར་བཀག་སྡོམ་བྱས་འདུག

སྤྱི་ཁྱབ་དཔོན་ཁོང་གིས་ཕྱི་ལོ་༢༠༡༦ ལོར་བཞག་པའི་པེ་རག་གྲོང་ཁྱེར་དང་པེ་ཅིང་གྲོང་ཁྱེར་གཉིས་བར་གྱི་འབྲེལ་ལམ་གྲོས་མཐུན་ནང་པེ་རག་གྲོང་ཁྱེར་གྱིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་དོན་ཚན་དེ་ཕྱིར་འཐེན་བྱེད་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་གྲོས་མཐུན་གྱི་ཆ་རྐྱེན་ཚང་མ་རྩིས་མེད་གཏོང་རྒྱུའི་སྡིགས་བསྐུལ་ཡང་བྱས་འདུག ཁོང་གིས་དོན་ཚན་དེ་ནི་ཕྱོགས་གཅིག་གི་ཁས་ལེན་བསྒྲགས་གཏམ་ཡིན་པ་དང་། བསྒྲགས་གཏམ་དེ་རིགས་ཕྱོགས་གཉིས་བར་གྱི་གྲོས་མཐུན་ནང་འཇོག་པར་ངོས་ལེན་མེད། རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་བར་གྱི་གནད་དོན་མགོ་རྙོག་ཅན་ཞིག་ཡིན་པས། ཁོང་གིས་རྒྱལ་སའི་གྲོང་ཁྱེར་གཉིས་བར་གྱི་ཚད་གཞི་ལ་གཞི་བཟུང་ནས་གནད་དོན་སེལ་གྱི་ཡོད་སྐོར་བརྗོད་འདུག

དེ་རྗེས་འདི་ལོའི་ཟླ་༡༠ པའི་ཚེས་༧ ཉིན་སྤྱི་ཁྱབ་དཔོན་ཁོང་གིས་རྒྱ་ནག་གིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དགོས་པའི་དོན་ཚན་དེ་ཕྱིར་འཐེན་བྱེད་རྒྱུར་ཁས་ལེན་བྱེད་ཀྱི་མེད་པས། པེ་རག་དང་པེ་ཅིང་གྲོང་ཁྱེར་གཉིས་བར་བཞག་པའི་གྲོས་མཐུན་ནས་པེ་རག་ཕྱིར་འཐེན་བྱས་པ་ཡིན་སྐོར་བརྗོད་འདུག གནད་དོན་དེ་ལ་བརྟེན་ནས་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་ཁྲོའི་ཐོག་ནས་ངོ་དེབ་སྟེང་དུ། པེ་རག་གྲོང་ཁྱེར་གྱི་འགོ་ཁྲིད་ཚོས་བསམ་སྤྱོད་གང་མགྱོགས་འགྱུར་བ་གཏོང་དགོས་པ་དང་། དེ་ལྟར་མ་བྱས་ཚེ་སོ་སོའི་ཁེ་ཕན་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་སྐོར་དང་། གྲོས་མཐུན་ནས་ཕྱིར་འཐེན་བྱས་པ་དེས་ཕྱོགས་གཉིས་བར་གྱི་ཡིད་ཆེས་རྩིས་མེད་བཏང་ཡོད་པས། དེས་རྒྱ་ནག་དང་ཅེག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཏང་སྐོར་བརྗོད་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་གཞུང་གིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། ཉེ་བའི་ཆར་ཅེག་གི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གིས་ལོ་རྗེས་མར་ཐའེ་ཝན་ལ་སྐོར་སྐྱོད་དུ་འགྲོ་འཆར་ཡོད་སྐོར་བརྗོད་པ་དང་། དེ་བཞིན་པེ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་གྱིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མ་བྱས་པ་མ་ཟད། པེ་ཅིང་གྲོང་ཁྱེར་དང་འབྲེལ་ལམ་བཅད་ཡོད་པས། ཅེག་གི་སྲིད་འཛིན་དང་འབྲེལ་ཡོད་ལས་བྱེད་ཚོས་ཁོ་གཉིས་ཀྱི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་ཡོད་འདུག 

འདི་ལོའི་ཟླ་༣ པའི་ནང་པེ་རག་གྲོང་ཁྱེར་སྲིད་གཞུང་གིས་དེ་སྔོན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་གཙོའི་སྲིད་འཛིན་དང་པོ་བོད་དོན་རྒྱབ་སྐྱོར་བ་ཧཱ་ཝིལ་སྐབས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་དོན་དེ་བསྐྱར་གསོ་བྱས་ཡོད་པ་དང་། ལས་དོན་དེ་སྐབས་སྔོན་མའི་གྲོང་ཁྱེར་སྲིད་གཞུང་གིས་ཕྱིར་འཐེན་བྱས་ཡོད་འདུག དེ་བཞིན་ཁོང་གིས་རྒྱ་ནག་ལ་ཁ་གཏད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཐུག་འཕྲད་ཀྱང་བྱས་འདུག དེའི་རྗེས་སུ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པཱེ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་བྱས་ཏེ། རྒྱ་ནག་གཞུང་ལ་ཧྥ་ལོང་ཀོང་དང་འབྲེལ་བའི་བཙོན་པ་རྣམས་ཀྱི་དབང་པོ་བཀོག་གི་ཡོད་པའི་སྐྱོན་བརྗོད་དང་། ཐའེ་ཝན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མང་གཙོའི་ལམ་ལུགས་ཡོད་པ་དང་འཕྲུལ་ཆས་གསར་གཏོད་ཀྱི་ཚད་གཞི་མཐོན་པོ་ཡོད་པས། ཐའེ་ཝན་གྱིས་པེ་རག་གྲོང་ཁྱེར་ནང་མ་འཛུགས་བྱས་ཚེ་ཁེ་ཕན་ཆེ་བ་ཡོད་སྐོར་བརྗོད་མྱོང་ཡང་འདུག 

སྤྱི་ཁྱབ་དཔོན་ཁོང་གིས་པེ་རག་དང་ཐའེ་པཱེ་གྲོང་ཁྱེར་གཉིས་དབར་གྱི་མཉམ་ལས་གྲོས་མཐུན་དེས། པེ་རག་དང་རྒྱ་ནག་གི་གྲོང་ཁྱེར་གཞན་དབར་གྱི་གྲོས་མཐུན་ཡོད་པ་རྣམས་ལ་ཉེན་ཁ་བཟོ་རྒྱུ་མིན་པ་དང་། པེ་རག་དང་ཐའེ་པཱེ་གཉིས་དབར་ཕྱི་ལོ་༢༠༠༡ ལོ་ནས་གཞུང་འབྲེལ་མིན་པའི་ཐོག་ནས་མཉམ་ལས་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་མཉམ་ལས་དེར་མིང་རྟགས་བཀོད་ནས་གཞུང་འབྲེལ་བཟོ་རྒྱུ་ཡིན་པ། དེ་བཞིན་མ་འོངས་པར་པེ་རག་གྱི་སློབ་མ་རྣམས་ཐའེ་པཱེ་ལ་རྒྱ་ཡིག་སྦྱོང་རྒྱུ་དང་། ཐའེ་པཱེ་ཡི་འཕྲོད་བསྟེན་ལྟ་སྐྱོང་ཐོག་གསར་གཏོད་དང་མེ་འཁོར་འགྲུལ་སྐྱེལ་ཐོག་གི་མཁས་རྩལ་ལ་སློབ་སྦྱོང་བྱེད་རྒྱུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག ཐའེ་ཝན་གྱི་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། གནས་ཚུལ་དེས་གཞུང་འཛིན་ཚོགས་པར་ཕན་ཐོགས་ཡོད་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།