པྰ་ལགས་ཞེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་འཆར་འདུག
ཟླ་འདིའི་ཚེས་༢༣ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དང་བོད་ཀྱི་གཏམ་བརྗོད་ཚན་པ་གཉིས་ཀྱིས་མཉམ་ལས་ཐོག་པྰ་ལགས་ཞེས་པའི་གཏམ་བརྗོད་དེ་ཉིད་གཟིགས་འབུལ་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་བྱས་སོང་།
སྐབས་དེར་པྰ་ལགས་ཞེས་པའི་གཏམ་བརྗོད་ཀྱི་འཁྲབ་ཁྲིད་པ་ལྷག་པ་ཚེ་རིང་གིས་འཛམ་གླིང་སྤྱི་ཡོངས་ལ་འཚེ་མེད་ཞི་བའི་ལྟ་གྲུབ་ཁྱེར་མཁན་ཞིག་ཡོད་ན། ད་ལྟའི་ཆར་ཁྱེར་ནས་ལྷག་སྡོད་མཁན་དེ་བོད་པ་གཅིག་པུ་ཡིན་པ་དང་། འཚེ་མེད་ཞི་བའི་ནུས་པ་དང་གྲུབ་འབྲས་སྟོན་ཐུབ་མཁན་གྱི་མིག་དཔེ་ལྟ་ས་ཞིག་ཡོད་ན། དེ་ནི་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དེ་ཡིན་རབས་ནི་ཐེངས་འདིའི་པྰ་ལགས་ཞེས་པའི་གཏམ་བརྗོད་ཀྱི་ནང་དོན་གཙོ་བོ་དེ་ཡིན་རབས་བརྗོད་སོང་།
གཞན་ཡང་པྰ་ལགས་ཞེས་པའི་འཁྲབ་ཁྲིད་པ་ཧན་ཧྲིལ་(Harry Fuhrmann) གྱིས་ཁོང་ཉིད་བོད་ཀྱི་ཟློས་གར་ཚོགས་པ་ལ་བསླེབས་པ་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་པྰ་ལགས་ཞེས་པའི་གཏམ་བརྗོད་འཁྲབ་སྟོན་བྱེད་མཁན་བརྒྱད་དང་རོལ་མོ་བ་གཉིས་ཡོད་པ་དང་། གཏམ་བརྗོད་དེ་ལེགས་གྲུབ་བྱུང་བ་ལ་དུས་ཡུན་ལོ་ངོ་བཞི་མ་ཟིན་ཙམ་བཏང་ནས་འབད་བརྩོན་བྱས་ཡོད་རབས་བརྗོད་སོང་།
པྰ་ལགས་ཞེས་པའི་གཏམ་བརྗོད་ཀྱི་ནང་ལ་འཁྲབ་སྟོན་བྱེད་མཁན་ལོ་ན་ཆུང་ཤོས་ནི་ལོ་ངོ་༡༢ ལ་སོན་པའི་བུ་མོ་ཡང་བསྐྱར་སྒྲོལ་མ་ཡིན་པ་དང་། པྰ་ལགས་ཞེས་པའི་གཏམ་བརྗོད་ཀྱི་ནང་དུ་མོའི་མིང་ལ་པད་མ་དང་། བོད་ནང་གི་གཞོན་སྐྱེས་ཚོ་ལ་དམིགས་ཡུལ་དང་ཕུགས་བསམ་ཡོད་ཀྱང་གོ་སྐབས་མེད་པའི་རྣམ་པ་མཚོན་ཡོད་འདུག་ལ་ཁོང་གི་པྰ་ལགས་བསྟན་འཛིན་ལྷུན་གྲུབ་ཀྱང་གཏམ་བརྗོད་དེའི་ནང་འཁྲབ་སྟོན་པ་ཞིག་རེད་འདུག་ལ། གཏམ་བརྗོད་དེའི་ནང་དུ་ཁོང་གི་མིང་ལ་དགའ་འཕེལ་དང་རྒྱ་ནག་གི་འོག་ཏུ་ལས་ཀ་བྱེད་མཁན་བོད་དམག་ཅིག་ཡིན་པ་དང་། ཁོང་གི་ནང་སེམས་ཀྱི་ཁྲོད་ན་༧གོང་ས་མཆོག་ལ་དད་པ་དང་དབུ་མའི་ལམ་ལ་དགའ་ཞེན་ཡོད་ན་ཡང་། རྒྱ་ནག་གི་འོག་ཏུ་བསྟུན་མཁས་མང་པོ་བྱེད་དགོས་པ་དང་། མཐའ་མ་དེར་རང་ཉིད་ཀྱི་ནང་སེམས་ཀྱི་ཚོར་བ་སྟོན་ཐུབ་པའི་རྣམ་པ་ཞིག་འཁྲབ་ཡོད་འདུག
པྰ་ལགས་ཞེས་པའི་གཏམ་བརྗོད་དེ་ཟླ་བ་༡༠ ཚེས་༡ ཉིན་ནས་དྷ་ས་ལ་གཟིགས་འབུལ་ཞུ་འགོ་འཛུགས་རྒྱུ་དང་དེ་ནས་རིམ་པས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། དགོན་པ་དང་སློབ་གྲྭ་སོགས་ཀྱི་ནང་དུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག
བོད་ཀྱི་གཏམ་བརྗོད་ཚན་པ་ནི་ཕྱི་ལོ་༢༠༡༡ ལོ་འགོ་བཙུགས་ནས་བཟུང་ད་ལྟའི་བར་དུ་གཏམ་བརྗོད་༢༣ བརྩམས་ཡོད་པ་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་དང་དགོན་པ་སོགས་སུ་ཁྱོན་བསྡོམས་གཏམ་བརྗོད་གཟིགས་འབུལ་༤༠༠ ལྷག་བྱས་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།