ཕྱི་ཟླ་༨ པའི་ཚེས་༡༥ ནི་རྒྱ་གར་ཙམ་མིན་པར་རྒྱལ་ཁབ་མང་པོའི་རང་བཙན་གྱི་ཉིན་མོ་ཡིན་འདུག
ཟླ་འདིའི་ཚེས་༡༥ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༨ ཚེས་༡༥ ་ཉིན་ནི་རྒྱ་གར་གྱི་རང་བཙན་ཉིན་མོ་ཙམ་མ་ཡིན་པར། ལྷོ་བྱང་ཀོ་རི་ཡ་སོགས་ཀྱི་རང་བཙན་ཉིན་མོ་ཞིག་ཀྱང་ཆགས་ཡོད་འདུག
ཕྱི་ལོ་༡༩༤༧ ཟླ་༨ ཚེས་༡༥ ཉིན་རྒྱ་གར་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པར་བརྟེན། ཉིན་དེར་རྒྱ་གར་གྱིས་རང་བཙན་ཉིན་མོ་ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པར་ལྟར། ད་ལོ་རང་བཙན་ཐོབ་ནས་ལོ་ངོ་༧༨ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད་ལ། ཉིན་དེར་རྒྱ་གར་ཙམ་མ་ཡིན་པར། བྱང་ཀོ་རི་ཡ་དང་ལྷོ་ཀོ་རི་ཡ་སོགས་ཀྱིས་ཀྱང་རང་བཙན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གིན་ཡོད་འདུག
ཕྱི་ལོ་༡༩༤༥ ཟླ་༨་ ཚེས་༡༥ ་ཉིན་ཀོ་རི་ཡ་(སྐབས་དེར་ལྷོ་བྱང་ཀོ་རི་ཡ་གཉིས་ཀ་རྒྱལ་ཁབ་གཅིག་ཡིན) ་ཉི་ཧོང་གི་དབང་སྒྱུར་ལས་བཅིངས་འགྲོལ་ཐོབ་ཡོད་པར་བརྟེན། རྗེས་སུ་ཀོ་རི་ཡ་རྒྱལ་ཁབ་དེ་དུམ་བུ་གཉིས་སུ་གྱེས་ཀྱང་། ལྷོ་བྱང་གཉིས་ཀས་ཉིན་མོ་དེ་ནི་བཅིངས་འགྲོལ་གྱི་ཉིན་ཞེས་སྲུང་བརྩི་ཞུ་གི་ཡོད་འདུག ཉིན་དེར་ལྷོ་ཀོ་རི་ཡ་རྒྱལ་ཡོངས་གུང་གསེང་ཡིན་པ་མ་ཟད། མང་ཚོགས་ཀྱིས་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རང་བཙན་ལ་གུས་བརྩི་ཞུ་བའི་ལས་རིམ་ཁག་ཏུ་མཉམ་ཞུགས་དང་། རིག་གཞུང་འཁྲབ་སྟོན་སོགས་དུས་དྲན་སྲུང་བརྩིའི་ལས་རིམ་སྣ་ཚོགས་སྤེལ་གྱི་ཡོད་འདུག བྱང་ཀོ་རི་ཡའི་ནང་དུ་ཡང་གཞུང་གི་གོ་སྒྲིག་འོག མཛད་སྒོ་རྒྱ་ཆེར་སྤེལ་ཞིང་། དམག་གི་རུ་སྒྲིག་དང་སྲིད་འཛིན་གྱི་གཏམ་བཤད། རྒྱལ་གཅེས་ཀྱི་བྱེད་སྒོ་མང་དག་ཅིག་སྤེལ་གྱི་ཡོད་འདུག
དེ་བཞིན་ཕྱི་ལོ་༡༩༦༠ ཟླ་༨ ཚེས་༡༥ ་ཉིན་ཀོང་གྷོ་(Congo) ་ལ་ཧྥ་རན་སིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་ནས་ད་བར་ལོ་ངོ་༨༠ འཁོར་གྱི་ཡོད་པ་དང་། ཀོང་གྷོ་ཡིས་རྒྱལ་ཡོངས་ཉིན་མོ་ཞེས་ལོ་ལྟར་སྲུང་བརྩི་བྱེད་ཀྱི་ཡོད་འདུག ཕྱི་ལོ་༡༩༦༩ ནས་༡༩༩༢ བར་རྒྱལ་ཁབ་དེ་མར་ཁེ་སི་དང་ལེ་ཉིན་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཡང་། རྗེས་སུ་ཚོགས་པ་མང་པོ་མཉམ་ཞུགས་ཀྱིས་འོས་བསྡུའི་ལམ་ལུགས་ཡོད་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་འདུག ཉིན་དེར་རིག་གཞུང་འཁྲབ་སྟོན་དང་གཏམ་བཤད་སོགས་རྒྱལ་ཡོངས་སུ་མཛད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་འདུག གཞན་ཡང་ཕྱི་ལོ་༡༩༧༡ ཟླ་༨ ཚེས་༡༥ ་ཉིན་བྷ་རེན་(Bahrain) ་ཞེས་པའི་རྒྱལ་ཁབ་དེ་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ཡོད་འདུག་པས་བྷ་རེན་གྱིས་ཀྱང་རང་བཙན་གྱི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་འདུག
དེ་བཞིན་ཉིན་མོ་དེ་ནི་ཉི་ཧོང་གི་རང་བཙན་ཉིན་མོ་ཞིག་མིན་ན་ཡང་། ཉི་ཧོང་གི་ལོ་རྒྱུས་ཁྲོད་ཉིན་མོ་དེ་ནི་གལ་ཆེན་ཞིག་ཏུ་གྱུར་ཡོད་འདུག ཕྱི་ལོ་༡༩༤༥ ཟླ་༨ ཚེས་༡༥ ་ཉིན་གོང་མ་ཧི་རོ་ཧི་ཊོས་(Hirohito) ་འཛམ་གླིང་དམག་ཆེན་གཉིས་པའི་ནང་ཉི་ཧོང་གིས་མགོ་སྒུར་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། གསལ་བསྒྲགས་དེས་དམག་འཁྲུག་མཇུག་སྒྲིལ་བའི་རྐྱེན་བྱས་ཡོད་པར་བརྟེན།ཉི་ཧོང་གིས་ཉིན་མོ་འདི་ལ་དམག་ཆེན་མཇུག་སྒྲིལ་བའི་དུས་དྲན་ནམ། དམག་ཆེན་མཇུག་སྒྲིལ་གྱི་དྲན་གསོའི་ཉིན་མོ་ཞེས་འབོད་ཅིང་། རྒྱལ་ཡོངས་སུ་དྲན་གསོའི་མཛད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།