ཕྱི་རྒྱལ་བ་གཉིས་ཀྱིས་ཉེ་ཆར་བོད་དུ་སོང་བའི་མྱོང་ཚོར་བརྗོད་སོང་།

ཟླ་༧ པའི་ཚེས་༡༠ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ཉེ་བའི་ཆར་བོད་དུ་བསྐྱོད་ནས་བདུན་ཕྲག་གཅིག་སོང་བའི་རྗེས་སུ་དྷ་སར་ཡོང་མཁན་གློག་བརྙན་བཟོ་སྐྲུན་པ་(Mark Gould)དང་། གསར་འགོད་པ་དང་ལོ་རྒྱུས་སྨྲ་བ་(Charles Dodgson)གཉིས་ཀྱིས། ཁོང་གཉིས་ལྷ་ས་གཙོ་བོར་བྱས་པའི་བོད་ཁུལ་དུ་བསྐྱོད་པའི་ལོ་རྒྱུས་དང་མྱོང་ཚོར་སྐོར་གཏམ་བཤད་བྱས་པ་དང་། དེ་བཞིན་པར་དང་བརྙན་ཐུང་བསྟན་སོང་།

དེ་ཡང་ཁོང་གཉིས་ཀྱི་རུ་ཁག་ནང་མི་བརྒྱད་ཡོད་འདུག་པ་དང་། བོད་ནང་དུ་ཡར་མར་འགྲོ་སྐབས་ལམ་ཁྲིད་པ་ཞིག་དང་མཉམ་དུ་འགྲོ་དགོས་ཀྱི་ཡོད་ཁར། མགྲོན་ཁང་གང་དུ་སྡོད་མིན་ཡང་རང་དབང་མེད་པར་སྔོན་ཚོད་ནས་འབྲེལ་ཡོད་ལས་བྱེད་ཀྱིས་གྲ་སྒྲིག་བྱེད་ཀྱི་ཡོད་འདུག ཁོང་གཉིས་ཀྱིས་བརྗོད་དོན་ལ། བོད་ཁུལ་དུ་དགོན་པ་ཁ་ཤས་ནང་འགྲོ་རྒྱུ་བྱུང་སྐབས། སྤྱིའི་ཆ་ནས་དགོན་པའི་ནང་གྲྭ་བ་ཉུང་ཉུང་ཡིན་ཁར། གྲྭ་བ་ལོ་རྒན་པ་མང་བ་དང་ལོ་གཞོན་པ་ཉུང་བ་ཡོད་པའི་ཐོག རྒྱ་རིགས་གྲྭ་བའང་ཡོད་པ་མཐོང་བ། དེ་བཞིན་དགོན་པ་ཞིག་ལ་བསྐྱར་གསོ་ཚད་མཐོ་བྱེད་བཞིན་ཡོད་པ་དང་། དངུལ་རྣམས་རྒྱ་ནག་གཞུང་ནས་གཏོང་གི་ཡོད་འདུག་པས། ནང་ཆོས་ཀྱི་ལྟེ་གནས་རྣམས་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཏུ་སྒྱུར་བཞིན་པའི་ཚོར་བ་བྱུང་སྐོར་བརྗོད་སོང་།

དེ་བཞིན་ལྷ་སར་སྡོད་བཞིན་པའི་སྐབས་སུ། གནས་སྡོད་བྱེད་མཁན་གྱི་མིའི་གྲངས་འབོར་ལོ་༡༠ སྔོན་དང་བསྡུར་ན་ལྡབ་ལྔ་ཡིས་འཕར་ཡོད་སྐོར་བརྗོད་མཁན་བྱུང་ཡོད་པ་དང་། དེ་ཡང་ལྷ་སར་རྒྱ་རིགས་ཚོང་པ་ཚོས་ཚོང་རྒྱག་ཚེ། དཔྱ་ཁྲལ་གུ་ཡངས་གཏོང་གི་ཡོད་རྐྱེན། རྒྱ་རིགས་ཚོང་པ་མང་པོ་ཡོད་ཁར། རྒྱ་རིགས་གནས་སྤོ་བ་ཡང་མང་པོ་ཡོད་སྐོར་བརྗོད་སོང་། དེ་བཞིན་ལྷ་སར་བསྐྱོད་བཞིན་པའི་ལམ་བར་དུ་ལམ་ཆེན་ཤ་སྟག་ཡིན་པ་དང་། རྒྱང་ཐག་ཀི་ལོ་མི་ཊར་༥ ནས་༡༠ བར་ལ་ལྟ་སྲུང་པར་ཆས་མང་པོ་སྒྲིག་འཇོག་བྱས་ཡོད་ཁར། ཞིབ་བཤེར་ས་ཚུགས་ཤིན་ཏུ་མང་པོ་ཡོད་པས། སེམས་ནང་ལ་དོ་དམ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པའི་ཚོར་བ་བྱུང་ཁར། ལྷ་སར་འཛུགས་སྐྲུན་ཡར་རྒྱས་སོགས་ཀྱིས་གྲོང་ཁྱེར་དེ་རྒྱ་ནག་ཀྱི་མ་རྩ་རིང་ལུགས་ཀྱི་གྲོང་ཁྱེར་ཞིག་ཏུ་བསྒྱུར་ཟིན་པའི་ཚོར་བ་བྱུང་བ། དེ་བཞིན་ལམ་བར་དུ་ལྕགས་རི་མང་པོ་ཞིག་བསྐོར་ཡོད་པ་དང་། སྒོ་ཕྱུགས་མང་པོ་མཐོང་རྒྱུ་མེད་སྐོར་བརྗོད་སོང་།

ཁོང་གཉིས་ཀྱིས་བརྗོད་དོན་ལ་བོད་ནང་དུ་བསྐྱོད་པའི་སྐབས་སུ། སེམས་སྐྱོ་བ་ཞིག་ལ་བོད་མི་མང་པོ་ཞིག་དང་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ཐོབ་མེད་པ་དང་། ཐུག་འཕྲད་བྱུང་བའི་མི་ཁ་ཤས་ཀྱི་གནས་སྟངས་ཁག་པོ་ཡིན་པའི་ཚོར་བ་བྱུང་སྐོར་བརྗོད་སོང་།

དེ་ཡང་གློག་བརྙན་བཟོ་སྐྲུན་པ་(Mark)ཡིས་ད་བར་བོད་དང་འབྲེལ་བའི་དངོས་བྱུང་གློག་བརྙན་༤ བཟོས་ཟིན་འདུག་པ་དང་། ཁོང་གིས་ཐེངས་འདིར་བོད་དུ་བསྐྱོད་སྐབས་སུ་བླངས་པའི་པར་དང་བརྙན་ཐུང་རྣམས་ཀྱིས། བོད་ནང་བསྐྱོད་པའི་མྱོང་ཚོར་སྐོར་གྱི་ལས་འཆར་ཞིག་བཟོ་རྒྱུ་ཡིན་སྐོར་བརྗོད་སོང་ལ། ལྷ་ས་ལ་སླེབས་ནས་འགྱུར་བ་ཆེན་པོ་མཐོང་དུས། སེམས་མ་སྐྱིད་པ་ཞེ་དྲག་བྱུང་སྐོར་བརྗོད་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།