ཕྱི་ལོ་༢༠༢༡ ལོའི་བཙན་བྱོལ་བོད་མིའི་གསར་གནས་ཆེ་ཁག་བཅུ།

༡) ཟླ་༡ པོའི་ཚེས་༣ བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་ཚང་མའི་ནང་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང་། ནམ་རྒྱུན་ས་གནས་ཚང་མར་ཉིན་གཅིག་དུས་གཅིག་ལ་འོས་འཕེན་གྱི་ཡོད་ནའང་། འདི་ལོར་རྒྱ་ནག་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་མི་མང་འདུ་འཛོམས་ལ་དཀའ་ངལ་འཕྲད་དེ། ཡུ་རོབ་དང་ཨ་རིའི་ས་གནས་ཁག་ཅིག་ཏུ་དུས་ཚོད་སྔ་འདོན་བྱེད་དགོས་བྱུང་ཡོད་རེད།

ཕྱི་ཟླ་དང་པོ།
༡) ཟླ་༡ པོའི་ཚེས་༣ བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་ཚང་མའི་ནང་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང་། ནམ་རྒྱུན་ས་གནས་ཚང་མར་ཉིན་གཅིག་དུས་གཅིག་ལ་འོས་འཕེན་གྱི་ཡོད་ནའང་། འདི་ལོར་རྒྱ་ནག་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་མི་མང་འདུ་འཛོམས་ལ་དཀའ་ངལ་འཕྲད་དེ། ཡུ་རོབ་དང་ཨ་རིའི་ས་གནས་ཁག་ཅིག་ཏུ་དུས་ཚོད་སྔ་འདོན་བྱེད་དགོས་བྱུང་ཡོད་རེད།

༢) ཟླ་འདིའི་ཚེས་༡༠ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་སའི་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་(Greta Thunberg) དང་།༢༠༠༧ལོའི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཝི་ལི་ཡམ་མོ་མའོ་(William Moomaw) ཨར་ཊིཀ་གླིང་ཁུལ་གྱི་ཚན་རིག་པ་གྲགས་ཅན་ལྕམ་སུ་སན་ན་ཏ་ལི་(Susan Natali)།དེ་བཞིན་དེང་དུས་ཚན་རིག་པ་ཁག་གཅིག་དང་ལྷན་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

༣) ཟླ་༡ ཚེས་༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དྷ་སའི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གཞུང་འབྲེལ་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཏེ། ཨ་རིའི་གཞུང་མང་གཉིས་ནས་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་ལ་ཕབ་པར་ཐུགས་རྗེ་ཆེ་ཞུས་སོང་།

ཕྱི་ཟླ་གཉིས་པ།

༤) ཕྱི་ཟླ་༢ ཚེས་༨ ཉིན་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཆེན་མོའི་གྲུབ་འབྲས་དངོས་སུ་ཕྱིར་བསྒྲགས་བྱས་པའི་ནང་། སྤྱི་འཐུས་ཚོགས་གཙོ་ཟུར་བ་སྤེན་པ་ཚེ་རིང་ལ་འོས་གྲངས་༢༤༤༨༨ དང་། ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་༡༤༥༤༤ བྱུང་འདུག  ཟླ་༥ ཚེས་༡༤ ཉིན་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་མཇུག་འབྲས་དངོས་སུ་ཕྱིར་བསྒྲགས་གནང་བའི་ནང་། ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལ་སྲིད་སྐྱོང་གི་འོས་ཐོབ་པའི་གསལ་བསྒྲགས་སྤེལ། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འོས་གྲངས་༣༤༣༢༤ དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་གྲངས་༢༨༩༠༧། དེ་བཞིན་བོད་མི་མང་སྤྱི་འཐུས་འོས་ཐོབ་པ་༤༥ གསལ་བསྒྲགས་སྤེལ།

ཕྱི་ཟླ་གསུམ་པ།

༥) ཕྱི་ཟླ་༣ པའི་ཚེས་༡༠ ཉིན་བོད་མིའི་སྒྲིག་འཛུགས་ནས་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་གསུམ་བཅུའི་དུས་ཐེངས་༦༢ པ་སྲུང་བརྩི་ཞུ་བའི་གཞུང་འབྲེལ་མཛད་སྒོ་འཚོགས་པ་དང་། བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཚང་མར་དུས་དྲན་སྲུང་བརྩི་བྱས།

༦) ཟླ་༣ པའི་ཚེས་༢༥ ཉིན་ཏེ། སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་པའི་སྔ་དྲོར། སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་དཔོན་གཞན་གཉིས་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བར་བརྟེན་ནས་འཕོ་འགྱུར་གཏོང་དགོས་པའི་གཞུང་འབྲེལ་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཏེ་མང་མོས་ཐག་གཅོད་བྱས་སོང་། ཚེས་༢༦ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བསྐོངས་པའི་གསར་འགོད་གསལ་བསྒྲགས་དེའི་ཐོག ཁྲིམས་ཞིབ་པ་གསུམ་གྱིས་ཁྲིམས་དང་འགལ་མེད་རུང་“ལས་འགན་བཤོལ་བ་ཡིན་”ཞེས་བསྒྲགས་སོང་།

ཕྱི་ཟླ་བཞི་པ།

༧) སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་བཞག་རྗེས། ཁྲིམས་ཞིབ་པ་རྣམས་ལས་གནས་ནས་བཤོལ་བ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་ནའང་། ཟླ་༤ ཚེས་༢༤ ཉིན་བསྐྱར་དུ་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ། དེ་རྗེས་ཁྲིམས་ཞིབ་པ་གསུམ་གྱིས་གྲོས་ཚོགས་ཀྱི་གྲོས་ཆོད་མ་བརྩིས་པ་རེད་ཅེས་མི་མང་གིས་ངོ་རྒོལ་ལས་འགུལ་ཐེངས་ཁ་ཤས་སྤེལ།

ཕྱི་ཟླ་དྲུག་པ།

༨) ཟླ་༦ པའི་ཚེས་༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་སྤྱི་འཐུས་རྣམས་ཀྱི་དམ་འབུལ་མཛད་སྒོ་གངས་སྐྱིད་སྤྱི་འཐུས་ལས་ཁུངས་སུ་འཚོགས་པ་དང་། འཐུས་མི་༢༡ གྱིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གི་མདུན་ནས་དམ་འབུལ་བྱས་པ་དང་། བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་བྱས་པ་དེ་ཁྲིམས་མཐུན་ལ་ངོས་ལེན་མི་བྱེད་མཁན་སྤྱི་འཐུས་༢༢ ཀྱིས་༧གོང་ས་མཆོག་གི་སྐུ་པར་མདུན་ནས་དམ་འབུལ་བྱས་ཡོད་པ་རེད། ཕྱོགས་གཉིས་ནས་དམ་འབུལ་ཟིན་རྗེས་འོས་བསྡུའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་དུ་ཡོང་ཡོད་ནའང་། འོས་བསྡུའི་འགན་འཛིན་གྱིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱེད་མཁན་༢༡ གི་མིང་ཐོ་ཁོང་ལ་སྤྲད་སོང་བ་དང་། གྲོས་ཚོགས་ཀྱི་སུམ་ཆ་གཉིས་མ་ཚང་ན་གྲོས་ཚོགས་ལས་རིམ་འགྲོ་ཐབས་མེད་སྐོར་གསུངས་པ་དང་། བལ་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱེད་མཁན་ཚོ་ཚོགས་ཁང་ནས་ལངས་ནས་སོང་ཡོད་འདུག་ལ། ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཐུབ་མེད་པ་རེད།

ཕྱི་ཟླ་བཅུ་པ།

༩) བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་འཐུས་མི་རྣམས་ཀྱིས་དམ་འབུལ་ཞུ་ཕྱོགས་ཤོག་ཁག་གཉིས་ཆགས་ནས་གྲོས་ཚོགས་འཚོགས་མ་ཐུབ་པར་ལྷག་ཡོད་པ་དེའི་སྐོར་༧གོང་ས་མཆོག་ལ་བཀའ་སློབ་ལམ་སྟོན་གནང་རོགས་ཞུས་པར་བརྟེན། ཕྱི་ཟླ་༡༠ ཚེས་༦ འཁོད་པའི་བཀའ་ཡིག་ལམ་སྟོན་གནང་བ་དང་། ཟླ་༡༠ པའི་ཚེས་༧ ཉིན་གྱི་སྔ་དྲོ་སྤྱི་འཐུས་ཚང་མ་ནང་མོལ་ཚོགས་འདུ་འཚོགས་ནས་བཀའ་ཡིག་ལམ་སྟོན་སྐོར་ལ་གྲོས་བསྡུར་གནང་རྗེས། ནང་མོལ་ཚོགས་འདུ་གཙོ་སྐྱོང་བ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྒྲོལ་མ་ཚེ་རིང་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་བསྐོང་ནས། ༧གོང་ས་མཆོག་གི་ལམ་སྟོན་ “༡། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་བར་གསལ་བསྒྲགས་ཟིན་བ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ།  ༢། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ཡོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས།” ཞེས་སྤྱི་ཕེབས་ལྟར་དོན་ཚན་དང་པོའི་དགོངས་དོན་ཤར་བསྐྱོད་བྱ་རྒྱུར་སྤྱི་མོས་བྱུང་བ་བཞིན་འབྲེལ་ཡོད་ཚོགས་དྲུང་ལས་ཁུངས་སུ་ལས་རིམ་འཆར་སྒྲིག་ཡོང་བའི་བཀོད་མངགས་ཞུས་ཡོད་ཅེས་བསྒྲགས་སོང་ལ། ཕྱི་ཟླ་༣ པའི་གྲོས་ཚོགས་ནང་གྲོས་ཆོད་ཨང་༣༩ པ་འབྲེལ་བའི་ཁྲིམས་ཞིབ་པ་གསུམ་ཁྲིམས་མཐུན་ཡིན་མིན་སྐོར་དང་འབྲེལ་ནས་སྤྱི་འཐུས་དམ་འབུལ་གྱི་རྙོག་གྲ་བྱུང་ཡོད་ནའང་། ཐེངས་འདིར་དེའི་སྐོར་གླེང་སློང་གང་ཡང་བྱུང་མི་འདུག་པས། བཀའ་ཡིག་ལམ་སྟོན་ལྟར་ཁྲིམས་ཞིབ་པའི་མདུན་ནས་སྤྱི་འཐུས་ཚངས་མས་དམ་འབུལ་བྱས།

༡༠) ཟླ་༡༠ པའི་ཚེས་༡༡ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་འཚོགས་པ་དང་། ཚོགས་གཙོར་མཁན་པོ་བསོད་ནམས་བསྟན་འཕེལ་དང་ཚོགས་གཞོན་དུ་སྒྲོལ་མ་ཚེ་རིང་གཉིས་མང་མོས་འོས་འདེམས་བྱས། ཟླ་འདིའི་ཚེས་༡༡ ཉིན་གྲོས་ཚོགས་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྐབས་༡༦ པའི་བཀའ་ཤག་གི་བཀའ་བློན་འོས་མི་ངོ་སྤྲོད་བྱས་པ་དང་། བུད་མེད་བཀའ་བློན་གསུམ་འོས་འདེམས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ཕྱོགས་བསྒྲིགས་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།