ཕྱི་ལོ་༢༡༠༠ ལོར་རྒྱ་ནག་གི་མི་འབོར་ད་ལྟའི་ཕྱེད་ཀ་ལས་མེད་པར་འགྱུར་རྒྱུ་ཡིན་པ་བརྗོད།

ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་པར།

ད་ཆར་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ནས་ན་གཞོན་ཁྲོད་ལས་མེད་མང་བ་དང་། བྱིས་པའི་སློབ་གྲྭའི་སློབ་ཡོན་དང་། གཞན་འགྲོ་གྲོན་ཆེན་པོ་ཡོད་པའི་རྐྱེན་གྱིས་གཞོན་སྐྱེས་ཁྲོད་གཉེན་སྒྲིག་བྱེད་མཁན་ཉུང་བ་དང་། གཉེན་སྒྲིག་བྱེད་མཁན་ཡོད་ཀྱང་། ཕྲུ་གུ་ཕྱི་བོ་བར་མི་སྐྱེ་བར་བརྟེན། རྒྱ་ནག་གི་མི་འབོར་འཕེལ་རྒྱས་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་རབས་འདིའི་མཇུག་ཏུ་རྒྱ་ནག་གི་མི་འབོར་དེ་ད་ལྟའི་ཕྱེད་ཀ་ལས་མེད་པ་འགྱུར་རྒྱུ་ཡིན་པར་བརྗོད་ཡོད་འདུག

ཕྱི་ཚེས་༢༨ ཉིན་(South China morning post)གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་རྒྱ་ནག་ནང་མི་འབོར་ཉུང་དུ་འགྲོ་བཞིན་པ་ལ་བལྟས་ན། དུས་རབས་འདིའི་མཇུག་ཏུ་རྒྱ་ནག་གི་མི་འབོར་ཕྱེད་ཀ་ལས་མེད་པར་འགྱུར་རྒྱུ་ཡིན་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་ཡོད་འདུག རྒྱུ་མཚན་ནི་རྒྱ་ནག་ནང་ད་ཆར་ཕྲུ་གུ་སྐྱེ་མཁན་ཉུང་དུ་འགྲོ་བཞིན་ཡོད་འདུག་པ་དང་། དམིགས་བསལ་བུད་མེད་ན་གཞོན་ཁྲོད་ཕྲུ་གུ་མི་སྐྱེ་མཁན་དང་། གཉེན་སྒྲིག་མི་བྱེད་མཁན་ཧ་ཅང་མང་དུ་འགྲོ་བཞིན་ཡོད་འདུག དེ་བཞིན་ན་གཞོན་ཁྲོད་གཉེན་སྒྲིག་བྱེད་མཁན་ཡོད་ཀྱང་བྱིས་པ་ཕྱི་བོ་མ་གཏོགས་མི་སྐྱེ་མཁན་མང་པོ་ཡོད་འདུག་པར་བརྟེན། ཆ་མཉམ་གྱི་མི་འབོར་ལོ་རེ་ནས་ལོ་རེ་བཞིན་ཉུང་ཉུང་འགྲོ་བཞིན་ཡོད་འདུག ཕྱི་ལོ་༢༡༠༠ སླེབ་དུས་རྒྱ་ནག་གི་མི་འབོར་ས་ཡ་༧༨༦ ཙམ་ལས་མེད་པར་འགྱུར་རྒྱུ་ཡིན་པ་བརྗོད་འདུག ཕྱི་ལོ་༢༠༢༣ ལོའི་རྒྱ་ནག་གི་མི་འབོར་དེ་ས་ཡ་༡༤༠༩ ཙམ་ཡོད་འདུག དེ་ནས་ས་ཡ་༧༨༦ ཙམ་མེད་པར་གྱུར་ན། རྒྱ་ནག་གི་མི་འབོར་ཁྱོན་ས་ཡ་༦༢༣ ལས་མེད་པར་འགྱུར་རྒྱུ་ཡིན་འདུག ས་ཡ་༦༢༣ ཙམ་ལས་མེད་པ་གྱུར་ན། དེ་ནི་ཕྱི་ལོ་༡༩༥༠ ནང་གི་རྒྱ་ནག་གི་མི་འབོར་གྱི་གྲངས་ཀ་དེ་ཡིན་འདུག གོང་གསལ་གྱི་གྲངས་ཀ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལའི་མི་འབོར་སྐོར་ཞིབ་བཤེར་བྱེད་དུས་བརྗོད་ཡོད་འདུག འདས་པའི་ལོ་མང་པོའི་རིང་རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་འདུག་ཀྱང་། ལོ་སྔོན་མའི་ཕྱི་ཟླ་༤ པ་ནས་རྒྱ་གར་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་གྱུར་ཡོད། ལོ་སྔོན་མར་རྒྱ་ནག་གི་མི་འབོར་ནི་ཐེར་འབུམ་༡་༤༠༩༧ མར་ཆག་ཡོད་འདུག་ལ། ཁྱོན་མི་འབོར་ས་ཡ་༢་༠༨ མེད་པ་གྱུར་ཡོད་འདུག ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་ཕྲུ་གུ་སྐྱེས་གྲངས་དེ་ས་ཡ་༩་༠༢ ལས་བྱུང་ཡོད་མི་འདུག གྲངས་ཐོ་དེ་ཕྱི་ལོ་༡༩༤༩ ལོར་རྒྱ་ནག་གི་མི་འབོར་ཞིབ་བཤེར་བྱས་པ་ནས་བཟུང་ཕྲུ་གུ་སྐྱེས་གྲངས་ཆེས་ཉུང་ཤོས་དེ་ཆགས་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཅིག་གི་མི་འབོར་མང་ཉུང་ཚད་ལྡན་ཞིག་ལ་གནས་དགོས་ན། རྒྱལ་ཁབ་དེའི་བུད་མེད་རེ་རེ་ཡིས་ཕྲུ་གུ་༢་༢༥ སྐྱེ་དགོས་ཀྱི་ཡོད་པ་དང་། དེ་ལྟར་མ་བྱུང་ན་ཉུང་མཐའ་ལ་བུད་མེད་རེ་རེ་ཡིས་ཕྲུ་གུ་༢་༡ སྐྱེ་དགོས་ཀྱི་ཡོད་འདུག དེ་ལྟར་བྱུང་ན་རྒྱལ་ཁབ་ནང་མི་འབོར་གྱི་དཀའ་ངལ་མི་འཕྲད་པར་བརྗོད་ཡོད་འདུག་ཀྱང་། ད་ཆར་འཛམ་གླིང་ནང་རྒྱལ་ཁབ་ལྔ་ཆ་གཅིག་གི་ནང་བུད་མེད་རེ་རེ་ཡིས་ཕྲུ་གུ་སྐྱེ་གྲངས་དེ་༡་༤ ལས་སྐྱེ་ཡི་མེད་པར་བརྟེན། དེ་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་དང་ཉུང་དྲགས་པ་ཡིན་འདུག རྒྱ་ནག་ལྟ་བུར་མཚོན་ན་ཕྱི་ལོ་༢༠༢༢ ལོའི་གྲངས་ཐོ་ལྟར་བུད་མེད་རེ་རེ་ཡིས་ཕྲུ་གུ་སྐྱེ་གྲངས་དེ་༡་༠༩ ལས་མེད་པ་རྒྱ་ནག་གི་མི་འབོར་ཞིབ་བཤེར་ལྷན་ཁང་གིས་བརྗོད་ཡོད་འདུག་ལ། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་ནང་གི་གྲོང་ཁྱེར་ཕྱུག་ཤོས་(Shanghai)་ནང་ཕྲུ་གུ་སྐྱེ་གྲངས་དེ་༠་༦ ལས་ཡོད་མི་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ནང་མི་འབོར་མང་ཤོས་དེ་ཕྱི་ལོ་༢༠༨༠ ནང་ཆགས་རྒྱུ་ཡིན་པ་དང་། ཁྱོན་མི་འབོར་ཐེར་འབུམ་༨༠་༢ ཆགས་རྒྱུ་ཡིན་པར་བརྗོད། ཕྱི་ལོ་༢༡༠༠ ཟིན་དུས་འཛམ་གླིང་གི་མི་འབོར་མར་ཆག་ནས་བརྒྱ་ཆ་༦ ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། ཁྱོན་ས་ཡ་༧༠༠ ཙམ་མེད་པར་འགྱུར་རྒྱུ་ཡིན་པ་བརྗོད་འདུག དཔལ་འབྱོར་རིག་པའི་ཆེད་མཁས་པ་དག་གིས་བརྗོད་དོན་ལ་ད་ཆར་རྒྱ་ནག་གི་མི་འབོར་འཕར་ཚད་དེ་ཚད་གཞི་མཐོ་ཤོས་སུ་སླེབས་ཟིན་པ་དང་། མ་འོངས་པར་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།