ཕྱོགས་རིས་ཀྱི་ཆབ་སྲིད། སྤྱི་འཐུས་ཀྱི་འོས་བསྡུ་གླེང་བ།
སྐལ་བཟང་དོན་གྲུབ།
༢༠༡༦ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་འགྲོ་དང་འགྲོ་བཞིན་པ་དང་། ཐེངས་འདིར་འོས་མི་གསར་དུ་ལངས་མཁན་མང་པོ་ཡོད་པ་རྣམས་ལ་དགའ་བསུ་ཞུ་འོས། ལྷག་པར་དུ་སྤྱི་འཐུས་འོས་མི་གསར་པ་མང་པོ་ཞིག་གི་ཁྱབ་བསྒྲགས་སྔར་བཞིན་ཤོག་ངོས་དང་ཡིག་ངོགས་ཙམ་གྱི་དྲིལ་བསྒྲགས་མ་ཡིན་པར། སྐད་བརྙན་གཉིས་ལྡན་གྱི་གསར་གཏོད་ལྟ་བུའི་རྣམ་པ་ཡང་མང་པོ་མཐོང་རྒྱུ་འདུག
སྐལ་བཟང་དོན་གྲུབ།
༢༠༡༦ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་འགྲོ་དང་འགྲོ་བཞིན་པ་དང་། ཐེངས་འདིར་འོས་མི་གསར་དུ་ལངས་མཁན་མང་པོ་ཡོད་པ་རྣམས་ལ་དགའ་བསུ་ཞུ་འོས། ལྷག་པར་དུ་སྤྱི་འཐུས་འོས་མི་གསར་པ་མང་པོ་ཞིག་གི་ཁྱབ་བསྒྲགས་སྔར་བཞིན་ཤོག་ངོས་དང་ཡིག་ངོགས་ཙམ་གྱི་དྲིལ་བསྒྲགས་མ་ཡིན་པར། སྐད་བརྙན་གཉིས་ལྡན་གྱི་གསར་གཏོད་ལྟ་བུའི་རྣམ་པ་ཡང་མང་པོ་མཐོང་རྒྱུ་འདུག
འོས་མི་གསར་པ་མང་པོ་ལངས་བཞིན་པ་ནི་སྤྱི་ཚོགས་ནང་འགན་འཁུར་མཁན་མང་དུ་ཕྱིན་ཡོད་པ་ཡིན་སྲིད་པ་དང། ཡང་ན་སྤྱི་འཐུས་སྡིངས་ཆའི་མཐོང་བརླག་ནས་མི་མང་པོ་ཞིག་གིས་རང་ཉིད་ཁྱབ་བསྒྲགས་བྱེད་ཡུལ་ཞིག་ལ་བརྩིས་པ་ཡིན་ཡང་སྲིད། གང་ལྟར་འོས་མི་གསར་པ་མང་པོ་ལངས་བཞིན་པ་དེར། སྐབས་༡༥པའི་སྤྱི་འཐུས་མང་པོ་ཞིག་གི་ཆོབ་སློང་ས་དང་དགད་མོ་དགོད་ཀྱིན་ཡོད་པ་འདྲ་བོ་ཡོད་དེ། སྤྱི་འཐུས་རྒན་པོ་མང་པོ་ཞིག་གི་སེམས་ལ་དངངས་སྐྲག་དང་མཚན་མོའི་གཉིད་ཡང་བཅག་སྲིད།
དེང་གི་ཆར་ཆོལ་ཁ་དང་ལུང་ཚན་ཁག་གིས་ཁུངས་སོ་སོའི་འོས་མི་ས་བསྒྲགས་གནམ་བསྒྲགས་ཀྱིས་ཁྱབ་བསྒྲགས་བྱེད་བཞིན་དེར། ཆོལ་ཁ་དང་ལུང་ཚན་ལ་ཞེན་ཁོག་ཟེར་ནའང་འདྲ། ཕྱོགས་རིས་མེད་པའི་ན་གཞོན་འོས་མི་གསར་པ་དེ་ཚོ་ལ་ཁྱབ་བསྒྲགས་ཀྱི་སྡིངས་ཆ་ཆུང་དུ་སོང་བ་ལྟ་བུ་དྲན་སོང། སྤྱི་འཐུས་ཀྱི་འོས་མི་ཞིག་ལ་ཆོལ་ཁ་དང་། ལུང་ཚན། ཡང་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་རྒྱབ་སྐྱོར་མེད་ཚེ། དོ་བདག་དེ་ཉིད་ལ་འོས་ཐོབ་པའི་གོ་སྐབས་ནི་ཉིན་མོའི་སྐར་མ་དང་གཅིག་མཚུངས་ཆགས་བསྡད་ཡོད། གང་ཡིན་ཟེར་ན། འོས་འཕེན་མཁན་མང་ཆེ་བ་ཞིག་གི་བསམ་བློར། རང་ཉིད་ཀྱི་ཆོལ་ཁའམ་ལུང་ཚན་གྱི་ཁྱབ་བསྒྲགས་བྱས་པའི་འོས་མི་ལ་འོས་བླུགས་དགོས་པའི་ལྟ་ཚུལ་ཆེན་པོ་ཡོད་པ་ལས། ཆོལ་ཁ་དང་ལུང་ཚན་གང་གི་ཁྱབ་བསྒྲགས་མ་བྱས་པའི་འོས་མི་གསར་པ་དེ་ཚོའི་ལོ་རྒྱུས་དང་དམིགས་ཡུལ་ལ་མིག་ཟུར་ཙམ་ཡང་བལྟ་མཁན་མེད།
གལ་ཏེ་ང་ཚོའི་སྤྱི་འཐུས་རྣམས་ལུང་ཚན་དང་ཆོལ་ཁ།ཚོགས་པ་ཁག་གི་རྒྱབ་སྐྱོར་ཁོ་ནར་བརྟེན་ནས་འོས་ཐོབ་ཀྱི་ཡོད་ན། དེ་དག་གི་བསམ་བློའི་ནང་དུའང་ཉེ་རིང་ཆགས་སྡང་གི་དྲི་མ་ཡོད་མི་སྲིད་པ་མ་རེད་ལ། དེ་དག་ལ་མི་མང་གི་འཐུས་མི་བྱེད་པའི་ལྷག་བསམ་དང་འཇོན་ཐང་ཡོད་མེད་ཡང་ཐེ་ཚོམ་ཡིན། སེམས་ཤུགས་དང་འཇོན་ཐང་ཡོད་ཀྱང་ཕྱོགས་རིས་ཀྱི་རྒྱབ་སྐྱོར་མེད་མཁན་དག་ལ། དྲང་བདེན་གྱི་མང་གཙོའི་གོ་སྐབས་རག་གི་མེད་པ་ཧ་ཅང་གསལ། གལ་ཏེ་སྤྱི་འཐུས་ཀྱི་འོས་མི་དེ་ཆོལ་ཁ་དང་ཆོས་ལུགས་ཁག་ནས་ལངས་མི་དགོས་པར་ཕྱོགས་ཡོངས་ནས་སུ་དང་གང་ལང་ལང་བཟོས་པ་ཡིན་ནའང། ཕྱོགས་རིས་ཀྱི་ཆབ་སྲིད་དེ་ནི་རང་འཇགས་སུ་ལྷག་རྒྱུ་ཡིན་པ་གཏན་ཁེལ་རེད།
མངོན་གསལ་དོད་པོ་ཡིན་ཡང་ཐེར་འདོན་དང་སྐྱོན་བརྗོད་བྱེད་མཁན་ཉུང་བའི་ཕྱོགས་རིས་ཀྱི་ཆབ་སྲིད་དེ་ནི་བཅོས་ཐབས་མེད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ན་ཚ་ཞིག་ལ་གྱུར་ཟིན་སྟབས། ང་ལ་དེ་མེད་པར་བཟོ་བའི་ཐབས་ལམ་མེད་ལ་དེ་ལ་རྒྱབ་སྐྱོར་ཡང་མེད། འོན་ཀྱང་། འོས་འཕེན་མཁན་མི་མང་རྣམས་ནས་འགན་འཁུར་ཏེ། དགའ་ཉེ་ཕྱོགས་ཞེན་མེད་པར་བློ་ཟུར་བོར་གནས་པའི་ཐོག་ནས་འོས་ཤོག་འཕངས་ཚེ། ཕྱོགས་རིས་ཀྱི་ཆབ་སྲིད་དེའི་ནུས་ཤུགས་ཉམ་རྒུད་དུ་གཏོང་ཐུབ་པ་མ་ཟད། མི་མང་ནི་སྟོབས་ཤུགས་ཡིན་ལ་ཉེན་ཁ་ཡང་ཡིན་པར་བརྟེན། རླུང་འཚུབ་ཁྲོད་ཀྱི་ཤོག་བུ་ལྟ་བུ་མ་ཡིན་པར།རང་ཉིད་ལ་ཡོད་པའི་ཤེས་རབ་བེད་སྤྱོད་དགོས་པར་གལ་ཆེར་མཐོང།