བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་བཀའ་བློན་དུ་འདེམས་ཐོན་བྱུང་སོང་།
ཟླ་༣ པའི་ཚེས་༢༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་༧ པའི་ལས་ཉིན་༤ པའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་རྫོང་ཁ་སྟོབས་རྒྱལ་ཚེ་རིང་བཀའ་བློན་འོས་མིར་མིང་འདོན་གནང་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་པ་བརྒྱབ་ཡོད་པས། སྤྱི་མོས་མ་ཡོང་བར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསང་བའི་འོས་བསྡུ་བྱས་ཡོད་པ་རེད།
ཟླ་༣ པའི་ཚེས་༢༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་༧ པའི་ལས་ཉིན་༤ པའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་རྫོང་ཁ་སྟོབས་རྒྱལ་ཚེ་རིང་བཀའ་བློན་འོས་མིར་མིང་འདོན་གནང་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་པ་བརྒྱབ་ཡོད་པས། སྤྱི་མོས་མ་ཡོང་བར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསང་བའི་འོས་བསྡུ་བྱས་ཡོད་པ་རེད།
འོས་བསྡུའི་གྲུབ་དོན་དུ་བཀའ་བློན་དུ་འོས་པ་གྲངས་༢༡ དང་མི་འོས་པ་༡༨། རྩིས་མེད་༡། སྟོང་པ་༢ བཅས་ཐོན་པ་ལྟར། མང་མོས་ཐོག་ནས་རྫོང་ཁ་སྟོབས་རྒྱལ་ཚེ་རིང་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད།
རྫོང་ཁ་སྟོབས་རྒྱལ་ཚེ་རིང་གསར་འགོད་པས་བཅར་འདྲི་བྱས་པར། ཁོང་གིས། “ང་སློབ་ཐོན་རྗེས་ནས་ཆོད་སེམས་བརྟན་པོའི་ཐོག་༡༩༧༣ ནས་སྤྱི་པའི་ལས་ཀ་བྱས་རེད་ལ། རྒན་ཡོལ་སྔ་སྣུར་གྱི་ལས་དུས་འདི་ལོའི་ཕྱི་ཟླ་༦ པའི་ནང་ནས་རྫོགས་ནས་རྒན་ཡོལ་ལ་འགྲོ་རན་རེད། སྲིད་སྐྱོང་མུ་མཐུད་ཕྱག་ལས་གནང་དགོས་ཀྱི་འདུག་གསུངས་རེད། སྐབས་ཤག་སྐབས་བཅོ་ལྔ་པའི་བཀའ་དྲུང་བྱས་ཏེ། མཉམ་ལས་བྱས་པ་རེད་ལ། ད་ལྟ་བཀའ་ཤག་གི་ལས་ཡུན་ལོ་གཉིས་ལྷག་ལས་ལྷག་མེད་པས། མཉམ་དུ་ལས་ཀ་འཐའ་འཁྱོལ་དགོས་ཀྱི་འདུག་སྲིད་སྐྱོང་གིས་གསུངས་པར་མོས་མཐུན་བྱས་ཡིན། གྲོས་ཚོགས་ནང་མང་མོས་འདེམས་ཐོན་བྱུང་བས། རང་ནུས་གང་ཡོད་ཀྱིས་ལས་དོན་བྱེད་ཀྱི་ཡིན། ད་ལྟ་བཀའ་བློན་དང་བཀའ་དྲུང་ཞེས་མིང་གི་རྣམ་གྲངས་ཙམ་ལས། སྔོན་ནས་གཞུང་ནང་ཆོད་སེམས་བརྟན་པོའི་ལས་དོན་བྱས་བསྡད་རེད། ད་ལྟ་སྲིད་སྐྱོང་གིས་ཐུགས་རེའི་གནང་བ་བཞིན་མུ་མཐུད་ལས་དོན་ཧུར་ཐག་བྱེད་རྒྱུ་ཡིན་”ཞེས་གསུངས་སོང་།
རྫོང་ཁ་སྟོབས་རྒྱལ་ཚེ་རིང་ནི་ཕྱི་ལོ་༡༩༥༥ ལོར་བོད་ལ་སྟོད་རྫོང་དཀར་ཕུ་ལྷག་ཅེས་པའི་གྲོང་སྡེར་སྐྱེས་ཤིང་། རང་ལོ་༨ ཐོག་ཨ་ཞང་དང་མཉམ་དུ་རྒྱ་གར་དུ་འབྱོར་རྗེས་རྡ་ས་ཟུར་གསོག་སློབ་གྲྭ་དང་པཱན་ཅ་མཱ་རི་གཏན་སློབ། མ་སུ་རི་གཏན་སློབ་བཅས་སུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༧༣ ལོར་བལ་ཡུལ་ཤར་ཁུམ་བུ་ཤོ་རོང་བདེ་ལེགས་གཞིས་ཆགས་སུ་ཉིན་སློབ་ཀྱི་དགེ་ཆེ་དང་འཛིན་སྐྱོང་གཅིག་ལྕོགས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༧ ལོར་ནང་སྲིད་ལས་ཁུངས་ཀྱི་སྦིར་བོད་ཚོགས་ལས་བྱེད་དུ་བསྐོ་གཞག་གིས་བཟོ་གཞིས་ལས་ཁུངས་ཀྱི་རྩིས་པ་དང་རུམ་བཟོའི་དོ་དམ་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༨ ལོར་ལས་བྱེད་དུ་དངོས་སུ་ཞུགས།
ཕྱི་ལོ་ ༡༩༨༣ ལོར་ཨོ་རི་ས་གཞིས་ལས་ཁང་དང་མཉམ་འབྲེལ་གྱི་དངུལ་གཉེར་གནང་། ཕྱི་ལོ་ ༡༩༨༦ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༡ ལོར་ལ་དྭགས་བསོད་ནམས་གླིང་དུ་གནས་སྤོས་ཀྱིས་མཉམ་དྲུང་དང་ལ་སྤྱི་བཅས་གནང་། ཕྱི་ལོ་༡༩༩༧ ལོར་ནང་སྲིད་ལས་ཁུངས་སུ་གནས་སྤོས་རྗེས་ལོ་བཅུ་གཅིག་རིང་དྲུང་ཆེའི་ལས་རོགས་དང་། དྲུང་གཞོན་བཅས་ཀྱི་གནས་རིམ་ཐོག་ལྷོ་གཞིས་ཁག་དང་ཀ་རྡོར་སྒང་གསུམ་གྱི་གཞིས་ཆགས་ཁག་གི་གནས་སྟངས་ལ་ལྟ་རྟོག་གི་ལས་འགན་བཞེས། ཕྱི་ལོ་ ༢༠༠༧ ལོར་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་གཞག་གིས་སྨན་ཁང་ཁག་གི་འཛིན་སྐྱོང་དང་ཊི་སྦི་ནད་གཞི་གཙོས་པའི་ལས་གཞི་ཁག་ལ་ལྟ་རྟོག་གནང་། ཕྱི་ལོ་ ༢༠༡༢ ལོར་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་བསྐོ་གཞག་གིས་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཛིན་སྐྱོང་ལྟ་རྟོག་དང་འཆར་འགོད་ལམ་སྟོན་གནང། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༨ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གིས་ལས་འགན་བཞེས་མུས་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་བཀའ་དྲུང་ཡིག་ཚང་གི་དྲུང་ཆེར་བསྐོ་གཞག་གནང་ནས་ད་བར་ལས་གནས་དེའི་ཐོག་ཕྱག་ལག་གནང་མུས་ཡིན་པ་རེད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།