བཀའ་ཟུར་ཀརྨ་ཡེ་ཤེས་བཙན་བྱོལ་བོད་མིའི་ལས་བྱེད་འདེམས་ལྷན་ཚོགས་གཙོར་བསྐོ་གཞག་གནང་འདུག
བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བཀའ་ཟུར་ཀརྨ་ཡེ་ཤེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་བསྐོ་གཞག་གནང་འདུག
དེ་རིང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༨ ཚེས་ ༢༦ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པ་འཚོགས་ཡོད་འདུག་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ནས་བཀའ་ཟུར་ཀརྨ་ཡེ་ཤེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་བདམས་ཐོན་གྱིས་བསྐོ་གཞག་བྱས་པའི་གསལ་བསྒྲགས་གནང་འདུག དེའི་ནང་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་ (༡༠༡) ནང་གསེས་ (༡) པོའི་ནང་། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” དང་། དོན་ཚན་ (༡༠༡) ནང་གསེས་ (༢) པའི་དགོངས་དོན། “གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་སུ་རུང་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།” ཞེས་པའི་ཆ་རྐྱེན་འོག་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་འཕགས་པ་ཚེ་རིང་མཆོག་དང་། ཚོགས་མི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ཟུར་པ་བཀྲ་ཤིས་ཕུན་ཚོགས་མཆོག ཚོགས་མི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ཟུར་པ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་ནས། བཀའ་ཟུར་ཀརྨ་ཡེ་ཤེས་ལགས་དང་། ཀུ་ལུ་ས་གནས་འགོ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༠ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ། བཀའ་ཟུར་ཀརྨ་ཡེ་ཤེས་ལགས་སུ་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་བསྐོ་གཞག་གནང་སོང་། ཞེས་འཁོད་འདུག
བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ནི་ཕྱི་ལོ་ ༡༩༦༥ ཟླ་ ༡༠ པའི་ཚེས་ ༡༥ ཉིན་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༥ ལོར་ཌལ་ཧོར་བོད་གཞུང་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན་པ་དང་། གཞུང་གི་བཀོད་ཁྱབ་ལྟར་ལྡེ་ར་ལྡུན་དྭང་སློབ་སྦྱོང་བརྡར་ཁོངས་སུ་འཛུལ་ཞུགས་ཀྱིས་དེ་རྗེས་ལུགས་མཐུན་རྩ་དགོངས་ཞུས་ཐོབ་བྱུང་། དེ་ནས་ཅན་རྡི་སྒར་པཎ་ཇབ་གཙུག་ལག་སློབ་གཉེར་ཁང་ནས་ (B.A. (Hons.), B.Ed.) བསླབ་པ་མཐར་སོན་བྱུང་། ཅན་རྡི་སྒར་དུ་ས་གནས་རང་བདེན་ཚོགས་ཆུང་དང་། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་བྱས། ཕྱི་ལོ་ ༡༩༩༠ ནས་ས་གཞིས་སྤུ་རུ་ཝ་ལར་ལོ་ངོ་བཞི་ལྷག་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས་དགེ་རྒན་དང་། དེའི་སྐབས་སུ་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་། ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱི་ཚོགས་གཙོ་བྱས་རིང་ལས་དོན་མང་པོའི་འགན་འཁུར་བླངས་ཏེ་མང་ཚོགས་ཀྱི་ཞབས་འདེགས་ཧུར་ཐག་བསྒྲུབས་ཡོད།ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡ ནས་ ༢༠༠༡ ཟླ་ ༨ ཚེས་ ༣༡ བར་ལོ་ངོ་དྲུག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་སྐབས་གཉིས་རིང་བྱས། དུས་ཡུན་དེའི་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་སྤྱི་དང་། ཟབ་སྦྱོང་གོ་སྒྲིག་སོགས་མང་དག་ཅིག་སྤེལ་མྱོང་ཡོད།
སུད་སི་ཇི་ནི་ཝར་ཉིན་ ༢༦ རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཟས་བཅད་ངོ་རྒོལ་ནང་དངོས་སུ་འཛུལ་ཞུགས་དང་རྒྱལ་ཚོགས་ནང་བོད་དོན་གཏམ་བཤད་ཀྱང་བྱས་ཡོད། རྒྱ་གར་རྒྱལ་ཡོངས་དང་། ཕྱིའི་རྒྱལ་ཁབ་གཞན་མང་པོའི་ནང་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་ཐུབ་ཡོད། མདོར་ན་གོམ་བགྲོད་དང་། རྔམ་སྟོན་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་སོགས་འཚེ་མེད་ཞི་བའི་ལས་འགུལ་མང་པོའི་ནང་དངོས་སུ་མཉམ་ཞུགས་དང་འགན་འཁུར་ཡང་བླངས་ཡོད། བོད་ཀྱི་རྩ་དོན་ཆེད་བཙོན་འཇུག་ཡང་ཐེངས་འགའ་ཤས་བྱུང་མྱོང་ཡོད།
ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༨ ནས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༡ བར་ལོ་ངོ་བརྒྱད་ལྷག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་བྱས་རིང་། རླུང་འཕྲིན་ཁང་གི་ལས་རིམ་ལ་བསྐྱར་བཅོས་དང་། འཛིན་སྐྱོང་གནས་སྟངས་བཅས་སྤྱི་ཡོངས་འགྱུར་བཅོས་བཏང་བའི་དབང་གིས་རླུང་འཕྲིན་ལས་རིམ་ལ་ཡར་རྒྱས་ཀྱི་འགྱུར་འགྲོས་དང་ལས་བྱེད་ཀྱི་བདེ་དོན་ལ་དོན་ཕན་ལྡན་པའི་ཞབས་འདེགས་སྒྲུབ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༠༤ ལོར་སྐབས་ ༡༣ པའི་བར་མའི་འོས་བསྡུའི་ལམ་ནས་དང་། ༢༠༠༦ ལོར་སྤྱི་འཐུས་སྐབས་ ༡༤ པ། ༢༠༡༡ ལོར་སྤྱི་འཐུས་སྐབས་ ༡༥ པ་བཅས་སོ་སོར་དབུས་གཙང་སྤྱི་འཐུས་སུ་འོས་འདེམས་བྱུང་སྟེ། སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་དང་། གལ་ཆེའི་ཚོགས་ཆུང་དཔེར་ན། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་། བཀའ་སྤྱི་གཉིས་ཀྱིས་སྤེལ་བའི་ལྡི་ལིའི་གཞི་རྒྱ་ཆེ་བའི་ལས་འགུལ། ཁྲིམས་སྒྲིག་ཡོངས་ལ་བསྐྱར་བཅོས་ཀྱི་ཚོགས་ཆུང་། གཞན་ཡང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སོགས་ཚོགས་ཆུང་མང་པོའི་ནང་འགན་འཁུར་གཙོ་བོ་བླངས་ཏེ་སྤྱི་འཐུས་ཀྱི་ལས་འགན་འཐུས་ཤོར་མེད་པར་ཧུར་ཐག་བསྒྲུབས་ཡོད་པ་མ་ཟད། སྤྱི་འཐུས་ལས་རྒྱུན་རིང་རྒྱལ་སྤྱི་དང་། རྒྱ་གར། བཙན་བྱོལ་བོད་མིའི་ཁྲོད་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་སོགས་ཀྱི་ལས་དོན་མང་པོ་སྤེལ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་གྲོས་ཚོགས་ནས་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་བདམས་ཐོན་བྱུང་བ་ལྟར་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ བར་ལོ་ངོ་ལྔའི་རིང་དཔལ་འབྱོར་བཀའ་བློན་གྱི་ལས་འཁུར་ཞུས་རིང་། ལས་དོན་གང་ཅིའི་ཐད་རང་ནུས་གང་ལྕོགས་ཧུར་ཐག་བསྒྲུབས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་དང་། སྔོན་རྩིས་མ་དངུལ། ཟུར་བཀོལ་མ་དངུལ་བཅས་ཀྱི་གནས་བབ་དེ་སྔ་ལས་བཟང་དུ་བཏང་ཐུབ་ཡོད་པ་རྩིས་ཞིབ་སྙན་ཐོ་ཁག་ལས་རྟོགས་ཐུབ་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། ཞེས་འཁོད་འདུག གོང་གསལ་གནས་ཚུལ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བ་ནས་དྲངས།
གསར་འགོད་པ། བསྟན་འཛིན་ལམ་བཟང་།