བཀའ་ཟུར་བློ་བཟང་སྙན་གྲགས་༢༠༢༡ ལོའི་སྲིད་སྐྱོང་འོས་འགྲན་ནང་ཞུགས་རྒྱུ་རེད་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དེ་སྔོན་ནས་བཀའ་ཟུར་བློ་བཟང་སྙན་གྲགས་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལང་རྒྱུ་ཡིན་པའི་སྐད་ཆ་འགྲོ་བཞིན་ཡོད་པ་ལྟར། ཐེངས་འདིར་ཁོང་གིས་དངོས་སུ་འོས་འགྲན་ནང་ཞུགས་རྒྱུའི་གསལ་བསྒྲགས་བྱས་འདུག

དེ་ཡང་ཟླ་༣ པའི་མགོ་སྟོད་དུ་སྤྱི་ཚོགས་དྲ་ལམ་ངོ་དེབ་སྟེང་དུ་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀའ་ཟུར་བློ་བཟང་སྙན་གྲགས་ཞེས་པའི་ངོ་དེབ་ཀྱི་ཤོག་ངོས་ཤིག་གསར་དུ་ཐོན་ཡོད་འདུག་པ་དང་། དེའི་ནང་ཁོང་གི་ལོ་རྒྱུས་དང་། འོས་བསྡུའི་དྲིལ་བསྒྲགས་ཀྱི་འབོད་ཚིག་ཏུ་ང་ཚོ་མཉམ་དུ་བོད་ཀྱི་མ་འོངས་འཛུགས་སྐྲུན་བྱེད་ཅེས་དང་། རྩ་འཛིན་དམ་བཅར་དྲང་བདེན་དང་ཕྱི་གསལ་ནང་གསལ། ཡོངས་སུ་སྒྲིལ་པའི་འཛིན་སྐྱོང་ཞིག་འཛུགས་རྒྱུ་ཡིན་ཞེས་བཀོད་འདུག

ད་ལྟའི་ཆར་ཁོང་གིས་བོད་ཀྱི་ཐེབས་རྩའི་འགན་འཛིན་གྱི་ལས་འགན་འཁུར་མུས་ཡིན་པ་དང་། འོས་བསྡུའི་དྲིལ་བསྒྲགས་ཀྱི་ངོ་དེབ་ཤོག་ངོས་ཐོག་ཏུ། ཕྱི་ལོ་༡༩༨༧ ལོར་ཅན་རྡི་གྷར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེའི་ལས་ཁུར་བླངས་པ་ནས་བཟུང་། ད་བར་མི་ལོ་༣༠ ལས་མང་བ་བོད་མིའི་སྤྱི་ཚོགས་སུ་ཞབས་ཞུ་སྒྲུབ་མུས་ཡིན་སྐོར་འཁོད་འདུག ཁོང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་དང་། སྐབས་༡༢ པའི་བོད་མི་མང་སྤྱི་འཐུས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་དང་ཚོགས་གཞོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་ཕྱི་དྲིལ། འཕྲོད་བསྟེན་ལྷན་ཁང་བཅས་ཀྱི་བཀའ་བློན། དེ་བཞིན་ཨ་རིའི་དོན་གཅོད་སོགས་ཀྱི་ལས་འགན་ཁུར་མྱོང་འདུག

ཕྱི་ལོ་༢༠༡༣ ལོའི་ཟླ་༩ པ་ནས་ད་བར་བོད་ཀྱི་ཐེབས་རྩའི་འགན་འཛིན་ལས་ཁུར་བྱེད་མུས་དང་། ད་ལྟ་དགུང་ལོ་༥༥ ཡིན་འདུག

ད་ལྟའི་ཆར་ཁོང་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་གཉིས་ཀྱིས་སྲིད་སྐྱོང་འོས་མིར་ལང་རྒྱུའི་གསལ་བསྒྲགས་བྱས་ཟིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།