བཀའ་ཤག་གི་ལམ་སྟོན་གསུམ།
བར་ལམ་ལོ་ཤས་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དབུ་མ་དང་རང་བཙན་ལས་འཕྲོས་ནས་བོད་རང་བཙན་རྩོད་མཁན་ཚོ་དོལ་རྒྱལ་རྗེས་འབྲངས་པ་ལས་ཉེན་ཁ་ཆེ་བ་ཡིན་སྐོར་སོགས་གཏམ་བརྗོད་སྤེལ་བ་དང་། སྤྱི་འཐུས་ཞབས་སྟེགས་ལ་དམིགས་པའི་སྐབས་འཚོལ་བ་ཁག་ཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་སུ་བཏང་བ་སོགས་ནང་ཁུལ་དཀའ་ངལ་མི་ཉུང་བ་ཞིག་བྱུང་བ་རེད།
འཇིགས་བྲལ་བསྟན་འཛིན། སུད་སི།
དབུ་མ་དང་རང་བཙན་བར་གྱི་ནང་རྩོད།
བར་ལམ་ལོ་ཤས་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དབུ་མ་དང་རང་བཙན་ལས་འཕྲོས་ནས་བོད་རང་བཙན་རྩོད་མཁན་ཚོ་དོལ་རྒྱལ་རྗེས་འབྲངས་པ་ལས་ཉེན་ཁ་ཆེ་བ་ཡིན་སྐོར་སོགས་གཏམ་བརྗོད་སྤེལ་བ་དང་། སྤྱི་འཐུས་ཞབས་སྟེགས་ལ་དམིགས་པའི་སྐབས་འཚོལ་བ་ཁག་ཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་སུ་བཏང་བ་སོགས་ནང་ཁུལ་དཀའ་ངལ་མི་ཉུང་བ་ཞིག་བྱུང་བ་རེད། འདི་ལོ་ཡང་གསུམ་བཅུའི་དུས་དྲན་སྐབས་ལས་འགུལ་སྤེལ་ཕྱོགས་ཐད་རྡ་ས་དང་། ནིའུ་ཡོག་ས་གནས་སུ་རྙོག་གླེང་བྱུང་བ་རེད། གྲོས་ཚོགས་སུ་ཤེས་རིག་བཀའ་བློན་གྱིས་ནིའུ་ཡོག་ཏུ་ལྷགས་པ་འདི་ནི་རང་བཙན་དང་དབུ་མའི་རྙོག་གླེང་ཡིན་ས་མ་རེད་བསམ་གྱི་འདུག་ཟེར་བ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་མང་པོའི་ཆེད་དུ་ཉུང་ངུ་བློས་གཏོང་དགོས་པའི་བསམ་ཚུལ་ཡང་གྲོས་ཚོགས་སུ་བཏོན་པ་རེད། དེ་བཞིན་སྤྱི་འཐུས་མི་ཉུང་བ་ཞིག་གིས་ཐེངས་འདིར་ནིའུ་ཡོག་ཏུ་ལྷགས་པ་དེའི་ཐོག་བློ་ཕམ་དང་འབྲེལ་ནས་ཚོར་སྣང་ཆེན་པོའི་ཐོག་ནས་དགོངས་ཚུལ་དང་། དྲི་བ། བཀའ་སྤྱི་གཉིས་ནས་ལམ་སྟོན་དགོས་པའི་བསམ་ཚུལ་ཡང་བཏོན་པ་རེད། མཐའ་བསྡོམས་ཐེངས་འདིར་ནིའུ་ཡོག་ཏུ་ལྷགས་པའི་གནས་ཚུལ་གཙོས་སྤྱི་ཡོངས་ལས་འགུལ་སྤེལ་ཕྱོགས་ཐད་བཀའ་ཤག་གི་ལམ་སྟོན་ཁ་གསལ་གོ་བདེ་ཞིག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གྲོགས་ཚོགས་ཀྱི་སྡིངས་ཆ་བརྒྱུད་ནས་བོད་མི་མང་ལ་ལམ་སྟོན་གནང་བ་རེད། དེ་ཡང་ཁོང་གི་གསུང་དོན་ནི། ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ན་ཡང་། ཞི་བའི་ཐོག་ནས། ཁྲིམས་དང་མཐུན་པའི་མཐུན་པའི་ཐོག་ནས། ཆེ་མཐོང་ལྡན་པའི་ཐོག་ནས་སྤེལ་དགོས་པ་དང་། ད་ཕྱིན་གནས་ཚུལ་འདིའི་རིགས་མ་ལྷགས་པ་དགོས་སྐོར་ནན་བརྗོད་གནང་བ་མ་ཟད། གནས་ཚུལ་འདིའི་རིགས་ལ་བློ་འཚབ་དང་། བློ་ཕམ་ཡོད་སྐོར་ཡང་གསུངས་ཡོད་པ་རེད། སྤྱི་འཐུས་ཁག་ཅིག་གིས་བཀའ་སྤྱི་གཉིས་ནས་ལམ་སྟོན་ཁ་གསལ་དགོས་སྐོར་གསུངས་ཡོད་ན་ཡང་སྤྱི་འཐུས་ཚོགས་གཙོས་ལམ་སྟོན་གང་ཡང་གནང་ཡོད་པ་མ་རེད། དེར་བརྟེན་འདིར་བཀའ་ཤག་གི་ལམ་སྟོན་དེ་ལ་སོ་སོར་མཐོང་ཚུལ་གང་བྱུང་བ་གསལ་བརྗོད་ཞུ་འདོད་བྱུང་།
བཀའ་ཤག་གི་ལམ་སྟོན་དང་བཅའ་ཁྲིམས།
བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་ཀྱིས་དབང་བསྒྱུར་བའི་བོད་མི་མང་གི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པ་དང་། དེའི་གཞི་རྟེན་ནི་སྐྱེ་བོ་སྒེར་པ་སུ་ཡང་མ་ཡིན་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ཡིན་པ་རེད།
༼ཞི་བ།༽ མི་སུ་འདྲ་ཞིག་ཡིན་རུང་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་གསུམ་པ། ཆབ་སྲིད་རང་བཞིན་ཞེས་པའི་དོན་ཚན་ལས། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་ཞེས་གསལ་བ་བཞིན། ཞི་བའི་ཐོག་ནས་བོད་ཀྱི་ཡུལ་མི་བོད་དོན་ལས་འགན་སྒྲུབ་དགོས་པ་དང་།
༼ཁྲིམས་དང་མཐུན་པ།༽ བཙན་བྱོལ་བོད་མི་ཚོ་འཛམ་གླིང་ས་ཕྱོགས་གང་སར་ཁ་འཐོར་ནས་ཡོད་པས་གནས་ཡུལ་ལུང་པ་དེའི་ཁྲིམས་དང་མཐུན་པའི་ཐོག་ནས་བོད་དོན་ལས་འགུལ་སྤེལ་དགོས། དེ་ཡང་བཅའ་ཁྲིམས་དོན་ཚན་དྲུག་པ། རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌། ཞེས་པའི་དོན་ཚན་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་ཞེས་པའི་དགོངས་དོན་ལྟར་ལས་དོན་ལག་བསྟར་དང་དེ་མཐུན་བཀོད་ཁྱབ་གཏོང་དགོས་ཀྱི་ཡོད་ལ། ཚང་མས་ཤེས་གསལ་ལྟར་རྒྱ་ནག་གཞུང་དང་། བལ་ཡུལ་ཙམ་མ་གཏོགས་འཛམ་གླིང་ས་ཁུལ་གང་དུ་ཡིན་ཡང་བོད་མི་ཚོས་འབོད་སྒྲ་གང་འདྲ་ཞིག་གི་འོག་ཏུ་ཡང་བོད་དོན་ལས་འགུལ་སྤེལ་ཆོག་གི་ཡོད། འོན་ཀྱང་རང་རང་གནས་ཡུལ་ལུང་པ་དེའི་ཁྲིམས་དང་མ་མཐུན་པའི་ལས་འགུལ་འདྲ་མིན་སྤེལ་ཏེ། ཞི་བའི་ཐོག་ནས་མ་ཡིན་པ་དང་། ཁྲིམས་དང་མི་མཐུན་པ་གནང་ཚེ་དེ་ནི་བོད་དང་བོད་མིའི་ཆེ་མཐོང་ལ་གནོད་པ་བཟོས་པ་ཡིན་པས། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་འགལ་གྱི་ཡོད་པས་མི་རུང་བ་ཞིག་ཡིན།
དེར་བརྟེན་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་དོན་ཚན་གསུམ་པོ་འདི་གཞི་ལ་བཞག་པའི་ཐོག བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་ནང་གསེས་ ༢ པར། བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན་ཞེས་གསལ་བ་བཞིན་ལག་བསྟར་བྱེད་མཁན་བོད་མི་གཅིག་མ་གཏོགས་མེད་ན་ཡང་མི་དེ་བོད་མི་མང་གི་རྒྱན་དང་། དགྲ་ལ་ངོམས་རྒྱུ་དེ་ཡིན་པར་མ་ཟད། བཅའ་ཁྲིམས་རིན་པོ་ཆེའི་མདུན་སར་བོད་ཀྱི་ཡུལ་མི་ཚད་ལྡན་ཟེར་བ་ཡང་མི་དེའི་རིགས་ཡིན་པ་ཤེས་དགོས་ལ། དེ་འདྲའི་མི་དེ་ཚོ་བློས་གཏོང་བྱེད་དགོས་སྐོར་བརྗོད་མཁན་དེ་ཚོ་དོན་ངོ་མར་བཅའ་ཁྲིམས་རིན་པོ་ཆེའི་དགོངས་པ་དང་འགལ་ཡོད་པ་ཚང་མས་ཤེས་དགོས་པ་མ་ཟད། བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་ནང་གསེས་ ༢ པར། བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན་ཞེས་གསལ་བ་དེ་ལ་རྒྱབ་འགལ་བྱེད་མི་རེ་རེ་ཡིན་ན་མང་དྲག་པ་དེ་ཡང་ཤེས་དགོས།
དེར་བརྟེན་ད་ལན་བཀའ་ཤག་གི་ལས་འགུལ་སྤེལ་ཕྱོགས་ཐད་ལམ་སྟོན་ཕེབས་པའི་དོན་ཚན་གསུམ་འདི་ནི་ད་ལྟའི་གཞུང་འཛིན་བཀའ་ཤག་དང་སྲིད་སྐྱོང་གི་དགོངས་པ་ཁོ་ན་ཙམ་མ་ཡིན་པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་བླ་ན་མེད་པའི་དགོངས་པ་ཡིན་པ་དེ་ཤེས་དགོས་པ་ཧ་ཅང་གལ་ཆེན་དུ་མཐོང་། མ་ཟད་བཅའ་ཁྲིམས་རིན་པོ་ཆེ་ལས། ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ཞེས་བཀའ་ཤག་ཚུན་གྱི་བཀའ་ཡང་བཅའ་ཁྲིམས་དང་འགལ་ཚེ་བརྩི་བཀུར་ཞུ་མི་དགོས་པར་གསལ་ཡོད་ན། ས་གནས་ཁག་གི་གཞུང་འབྲེལ་མ་ཡིན་པའི་བོད་རིགས་ཚོགས་པ་ཁག་གི་ལས་བྱེད་ཚོའི་ཁྲིམས་འགལ་གྱི་བཀོད་ཁྱབ་ལ་ནི་དེ་བས་ཀྱང་རྩིས་མེད་གཏོང་ཆོག་པ་ཞིག་དང་། གཏོང་དགོས་པ་ཞིག་ཡིན་པ་དེ་མང་ཚོགས་ལ་དྲན་སྐུལ་ཞུ་འདོད་བྱུང་།
བཀའ་ཤག་གི་ལམ་སྟོན་དང་འགྲོ་བ་མིའི་ཐོབ་ཐང་།
དེ་བཞིན་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ནས་བྱུང་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ཕྱོགས་དོན་ཚན་གསུམ་པོ་དེ་རང་ཉིད་ནས་ཉམས་སུ་བླངས་པའི་ཐོག་ནས། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དྲུག་པ། རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌། ཞེས་པའི་དོན་ཚན་དུ་བཅའ་ཁྲིམས་རིན་པོ་ཆེ་ནས་འགྲོ་བ་མིའི་ཐོབ་ཐང་གིས་མཚོན་པའི་རྒྱལ་སྤྱིའི་ཡོངས་ཁྱབ་རང་དབང་ཁག་གནང་ཡོད་པས། བོད་མི་སུ་འདྲ་ཞིག་གིས་རང་ཉིད་ལ་བཅའ་ཁྲིམས་རིན་པོ་ཆེ་ནས་གནང་བའི་སྨྲ་བརྗོད་རང་དབང་གིས་མཚོན་པའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་པ་ཡིན། དེ་འདྲའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་དེ་ལ་བཀག་འགོག་བྱེད་པའི་ཐོབ་ཐང་དེ་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྡེ་ཁག མི་སྒེར་སུ་ལ་ཡང་མེད། གལ་སྲིད་དེ་འདྲ་སུ་ཞིག་གིས་བྱས་པ་ཡིན་ན་བཅའ་ཁྲིམས་རིན་པོ་ཆེར་རྡོག་རོལ་དང་། མང་གཙོའི་རང་དབང་ལ་རྡོག་རོལ། ལྷག་པར་མང་ཚོགས་ཀྱི་མངོན་འདོད་གང་སྒྲོག་མིན་འགོག་པ་ནི་སྲིད་དབང་སྒེར་གཅོད་པའི་བྱ་སྤྱོད་ཅིག་ཡིན། དེ་བཞིན་སྤྱིར་ན་ཚོགས་པ་སུ་འདྲ་ཞིག་ཡིན་ཡང་ཚོགས་པ་རང་ཉིད་ལ་ལངས་ཕྱོགས་ཤིག་ཡོད་ཆོག་ནའང་། ལངས་ཕྱོགས་དེ་ཁ་ལ་ཁུར་ནས་མང་ཚོགས་རང་བཞིན་གྱི་ལས་འགུལ་སྐབས་མང་ཚོགས་ཀྱི་མངོན་འདོད་འབོད་ཚིག་གང་སྒྲོག་མིན་ལ་སྟངས་འཛིན་བྱེད་པ་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་གཤེད་མ་ཡིན་པ་ཤེས་དགོས། མདོར་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ནས་ང་ཚོར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་པའི་སྐུལ་སློང་གནང་གི་ཡོད་པ་མ་ཟད། མཐའ་ན་ང་ཚོས་རྒྱ་ནག་ལ་ཁ་གཏད་ནས་རང་དབང་དགོས་པའི་འབོད་སྒྲ་སྒྲོག་སྐབས་ངོ་གནོང་མི་དགོས་པ་ཞིག་ཡོད་པ་དེ་ཡང་བཅའ་ཁྲིམས་རིན་པོ་ཆེའི་བཀའ་དྲིན་ཡིན་པ་ཤེས་དགོས། དེར་བརྟེན་བཀའ་ཤག་གི་ལམ་སྟོན་འདི་ནི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འགྲོ་བ་མིའི་ཐོབ་ཐང་གིས་གཙོས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ། མང་གཙོའི་རང་དབང་གི་ས་མཚམས་དང་མཐུན་པ། གནས་ཡུལ་རྒྱལ་ཁབ་དག་གི་ཁྲིམས་དང་མཐུན་པ། རང་དབང་རྩོད་ལེན་བྱེད་པའི་ལས་དོན་བྱེད་ཕྱོགས་དང་མཐུན་པ་བཅས་ཡིན་པ་ཡང་ཤེས་དགོས་པར་སེམས།
བཀའ་ཤག་གི་ལམ་སྟོན་དང་བོད་རྒྱ་འབྲེལ་མོལ།
ད་ལྟའི་བཙན་བྱོལ་བོད་མིའི་བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་བྱེད་ཀྱི་ཡོད། བོད་རྒྱ་འབྲེལ་མོལ་ཡོང་མིན་ནི། རྒྱ་གཞུང་གིས་བོད་མི་ལ་འབྲེལ་མོལ་བྱས་ནས་དཀའ་རྙོག་སེལ་ཐབས་མ་བྱས་ན། བོད་དེ་འཛིན་སྐྱོང་བྱེད་མི་ཐུབ་པ་དང་། རྒྱལ་སྤྱིའི་ཐོག་ལ་ཡིན་ན་ཡང་རྒྱ་ནག་གི་ཆེ་མཐོང་སོགས་ཕྱོགས་གང་ས་ནས་བཟོད་པར་དཀའ་བའི་དཀའ་ངལ་ཤུགས་ཆེན་ཞིག་མ་བཟོས་པར། ང་ཚོས་རྒྱ་གཞུང་ལ་དཀའ་ངལ་སྤྲོད་མི་ཉན་པ་གཙོ་འདོན་བྱས་ན། དེ་ནི་དོན་ངོ་མར་རྒྱ་ནག་གཞུང་གིས་བོད་དོན་དཀའ་རྙོག་མི་མཐོང་བ་དང་། དཀའ་ངལ་མི་མཐོང་བ་བཟོ་བའི་མཐུན་རྐྱེན་ཆགས་ཀྱི་ཡོད། དེར་བརྟེན་ཇི་ཙམ་བོད་ཕྱི་ནང་གཉིས་ནས་རྒྱ་ནག་གཞུང་ལ་དཀའ་ངལ་ཆེན་པོ་བཟོ་ཐུབ་ན། བོད་རྒྱ་འབྲེལ་མོལ་ང་ཚོས་བྱེད་དགོས་ལབ་མི་དགོས་པར། རྒྱ་ནག་ཁོ་རང་གིས་ཚུར་བོད་རྒྱ་འབྲེལ་མོལ་བྱེད་ལབ་ཀྱི་རེད། དེ་ནི་ ༢༠༠༨ ལོར་ཐོག་མར་རྒྱ་གཞུང་གིས་ཚུར་སྐད་ཆ་བཤད་ཆོག ཤོག་ལབ་པ་ལྟ་བུ་རེད། དེ་མ་ཡིན་པར་ཞི་མི་ལ་ཤ་ག་ཚོད་སྟེར་ན་འདོད་པ་དེ་ཙམ་ཆེ་རུ་འགྲོ་བ་དང་། ཤ་དགོས་པའི་འདོད་རྔམ་ཚ་རུ་འགྲོ་བ་བཞིན། བོད་མིའི་ངོས་ནས་རྒྱ་ནག་ལ་ག་ཚོད་བསྟུན་མཁས་བྱས་ན་དཔེ་དེ་ལས་མ་འདས་པའི་དངོས་ཡོད་དེ་ཡང་ཧ་གོ་དགོས། དེར་བརྟེན་བོད་རྒྱ་འབྲེལ་མོལ་དགོས་ན་ང་ཚོ་ལ་སྟོབས་ཤུགས་ཤིག་དགོས་པ་ཡིན་པས། ང་ཚོའི་ཤེས་ཡོན་གྱི་སྟོབས་ཤུགས་གསོག་སྒྲུབ་བྱེད་བཞིན་པའི་ཞོར་དུ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང་། ལྷག་ཏུ་བོད་མི་རང་ངོས་ནས་བཀའ་ཤག་གི་ལམ་སྟོན་དོན་ཚན་གསུམ་དང་མ་འགལ་བའི་ཐོག་ནས་རིག་གཞུང་རང་བཞིན། ཆོས་ལུགས་རང་བཞིན། ཆབ་སྲིད་རང་བཞིན། མང་གཙོ་རང་བཞིན། ངོ་རྒོལ་རང་བཞིན། རྩེད་མོ་རང་བཞིན་སོགས་ཀྱི་ལས་འགུལ་སྤེལ་དགོས་པ་ཡིན་ལ། ཇི་ཙམ་ལས་འགུལ་དེ་དག་ཤུགས་ཆེར་སྤེལ་ཐུབ་པ་དེའི་ཚོད་ཀྱིས་ང་ཚོ་བོད་རྒྱ་འབྲེལ་མོལ་ལ་ཐག་ཉེ་རུ་འགྲོ་བ་ཡིན།
བཅའ་ཁྲིམས་དང་ཆིག་སྒྲིལ།
བཙན་བྱོལ་ནང་བོད་མི་ཚོས་ཆིག་སྒྲིལ་ཟེར་ནས་དུས་རྟག་ཏུ་གླེང་གི་ཡོད། ང་ཚོས་སུ་དབུ་མའི་ལངས་ཕྱོགས་འཛིན་མཁན་ཡིན། སུ་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཡིན་བལྟས་ནས་བསྡད་ན་ང་ཚོ་གཅིག་སྒྲིལ་ག་དུས་ཡིན་ན་ཡང་ཡོང་མི་སྲིད། དེ་བས་བཅའ་ཁྲིམས་རིན་པོ་ཆེ་ནས་ང་ཚོ་ལ་བོད་ཀྱི་ཡུལ་མི་ཞིག་བྱེད་པའི་ལས་འགན་གང་གང་བསྐུར་ཡོད་པ་དེ་ད་ལྟའི་བཀའ་ཤག་གིས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་ཚུལ་དུ་གནང་བ་དེ་ཚུལ་བཞིན་དུ་སྒྲུབ་རྒྱུ་དང་། དབུ་མ་ཡིན་ན་ཆོག རང་བཙན་ཡིན་ན་ཆོག རྩོད་ས་རྒྱ་ལ་རྩོད་པ་ལས་བོད་པ་ནང་ཁུལ་ལ་རྩོད་ནས་མ་བསྡད་ན་ལྟོས་ས་ལྟོས་འཇོག་གི་ང་ཚོ་ཆིག་སྒྲིལ་ཞིག་ཡོང་གི་རེད་བསམ་གྱི་འདུག བོད་རྒྱལ་ལོ།