བང་ཆེན་བརྙན་ལམ་དུ་སླེབས་པ།

དེ་རིང་ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༠ རེས་གཟའ་ལྷག་པ་༧གོང་ས་མཆོག་གི་སྐུའི་བླ་གཟའ་དང་བསྟུན་བོད་ཀྱི་བང་ཆེན་གྱི་དྲ་བརྙན་ཐོག་མ་དེ་སྤེལ་ཡོད་ལ། མ་འོངས་པར་རིམ་བཞིན་ཡར་རྒྱས་བཏང་ནས་བདུན་ཕྲག་རེ་རེ་བཞིན་བརྙན་ལམ་ནས་བགྲོ་གླེང་ངམ། གསར་འགྱུར་སྙིང་བསྡུས་ཁག་ཀྱང་འདོན་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན།

དེ་རིང་ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༠ རེས་གཟའ་ལྷག་པ་༧གོང་ས་མཆོག་གི་སྐུའི་བླ་གཟའ་དང་བསྟུན་བོད་ཀྱི་བང་ཆེན་གྱི་དྲ་བརྙན་ཐོག་མ་དེ་སྤེལ་ཡོད་ལ། མ་འོངས་པར་རིམ་བཞིན་ཡར་རྒྱས་བཏང་ནས་བདུན་ཕྲག་རེ་རེ་བཞིན་བརྙན་ལམ་ནས་བགྲོ་གླེང་ངམ། གསར་འགྱུར་སྙིང་བསྡུས་ཁག་ཀྱང་འདོན་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ད་བར་སྤྱི་ཚོགས་ནང་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་གིས་བོད་ཀྱི་བང་ཆེན་བརྙན་ལམ་དུ་དགོས་པའི་ལམ་སྟོན་དང་འབོད་སྐུལ་ཧ་ཅང་མང་པོ་བྱུང་ཡང་། བོད་ཀྱི་བང་ཆེན་ནི་ཡིག་ཐོག་ནས་ཚགས་པར་དང་དྲ་ལམ་དུ་འདོན་བཞིན་ཡོད་སྟབས། བརྒྱུད་ལམ་ཚང་མར་འདོན་ཐབས་བྱས་ན་ཚད་ལྡན་ཞིག་ཡོང་རྒྱུའི་གདེང་ཚོད་མ་རྙེད་པ་དང་། མཐུན་རྐྱེན་གྱི་ཐོག་ནས་ད་བར་འགོ་འཛུགས་ཐུབ་མེད། འོན་ཀྱང་ད་ཆ་མི་ཚང་མས་ལག་ཐོགས་ཁ་པར་ (Σμαρτ πηονε) བེད་སྤྱོད་གཏོང་བཞིན་པའི་དུས་འདིར་ཡིག་ཐོག་ཙམ་མ་ཟད། ངག་ཐོག་ནས་བཤད་པར་ཡང་དོ་སྣང་ཉུང་དུ་འགྲོ་བཞིན་ཡོད་པས་དྲ་བརྙན་ཐོག་མི་བསྐྱོད་ཐབས་མེད་དུ་གྱུར་འདུག

བོད་ཀྱི་བང་ཆེན་གྱིས་ལས་དོན་འདི་ཐོག་མ་གཉེར་བ་ཡིན་པས་གནས་སྐབས་ཕྱོགས་གང་ཐད་ནས་སྤུས་ཚད་ལྡན་པ་ཞིག་ཡོང་རྒྱུར་དཀའ་ངལ་མེད་པ་མིན་ཡང་། རིམ་བཞིན་དུས་ཚོད་ངེས་ཅན་ནང་གཏོང་ཐུབ་པ་དང་། ལས་དོན་གྱི་ཐོག་ལ་སྦྱོང་བརྡར་དང་ཉམས་མྱོང་བསགས་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་ཡོད། སྤྱིར་བོད་ཀྱི་བང་ཆེན་གྱི་ལས་དོན་བྱེད་སྟངས་ནི། གསར་འགྱུར་ཞིག་ཐོས་མ་ཐག་མགྱོགས་ཤོས་འདོན་ཐུབ་ཐབས་བྱ་རྒྱུ་དེ་མ་ཡིན་པར། གནས་ཚུལ་དེའི་དོན་དངོས་གང་ཡིན་བརྡར་ཤ་བཅད་ནས་ཚད་ལྡན་ཞིག་འདོན་ཐུབ་ཐབས་བྱ་རྒྱུ་དེ་ཡིན་པས། ད་ལན་དྲ་བརྙན་ཡང་ལངས་ཕྱོགས་འདི་ལས་བརྒལ་རྒྱུའི་འཆར་གཞི་མེད། སྤྱིར་གསར་ཁང་ཆུང་ངུ་ཞིག་གིས་བོད་ཡིག་ཚགས་པར་དང་། བོད་དབྱིན་གཉིས་ཀྱི་དྲ་རྒྱ། དྲ་བརྙན་བཅས་དུས་ཐོག་འདོན་དགོས་དུས་མི་རྒྱུ་གཉིས་ཐོག་ནས་ལས་སླ་པོ་ཞིག་མིན་ནའང་། ད་ལྟའི་དུས་རབས་འདིའི་སྒུལ་ཤུགས་ལ་བརྟེན་ནས་སྔར་ལམ་ཁོ་ན་རུ་ཨུ་ཚུགས་བྱ་ཐབས་མེད་པར་ལས་གཞི་འདི་གསར་དུ་འགོ་འཛུགས་བྱས་ཡོད།

བོད་ཀྱི་བང་ཆེན་གསར་ཁང་བཙུགས་ནས་མི་ལོ་༡༩ ལ་ཉེ་བ་དང་། ཕྱི་ལོ་༢༠༠༣ ཟླ་༤ ཚེས་༡༨ ཉིན་བོད་ཀྱི་བང་ཆེན་གསར་ཤོག་ཐོག་མ་འདོན་འགྲེམས་བྱས་ཤིང་། སྐབས་དེར་ཟླ་ཕྱེད་གསར་ཤོག་དང་། ལོ་གཉིས་ཀྱི་རྗེས་སུ་ཉིན་བཅུ་རེའི་གསར་ཤོག་ཏུ་བསྒྱུར། ཕྱི་ལོ་༢༠༠༧ ལོར་བདུན་རེའི་གསར་ཤོག་ཏུ་བསྒྱུར་ནས་བཞུགས་སྒར་དང་། རྒྱ་གར་ལྷོ་ཕྱོགས། བལ་ཡུལ་བཅས་སུ་དུས་གཅིག་པར་འགྲེམས་བྱས། གསར་ཤོག་འདི་ནི་རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་ཞུས་པ་ཞིག་ཡིན་ལ། ཕྱི་ལོ་༢༠༠༤ ཙམ་ནས་རིམ་པས་གནས་ཚུལ་གང་མང་ཞིག་དྲ་ལམ་ནས་འདོན་སྤེལ་བྱེད་འགོ་བཙུགས། ཕྱིས་སུ་དྲ་རྒྱའི་མཐུན་རྐྱེན་ཕུན་སུམ་ཚོགས་སུ་ཕྱིན་ནས་བོད་ཀྱི་བང་ཆེན་གྱི་གསར་འགྱུར་ཁག་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་སྤེལ་ཡོད། བཙན་བྱོལ་ནང་རྒྱ་ཡིག་གི་ལས་ཀ་བྱེད་མཁན་ཚད་ལྡན་རག་དཀའ་བས་རྒྱ་ཡིག་གི་དྲ་རྒྱ་མཇུག་སྐྱོང་ཐུབ་མེད་ཀྱང་། བོད་དབྱིན་གཉིས་ཀྱི་གསར་འགྱུར་མུ་མཐུད་སྤེལ་མུས་སུ་ཡོད།

གོང་དུ་བརྗོད་པ་བཞིན་ད་ལྟའི་དུས་འདིར་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་དཔེ་དེབ་དང་གསར་ཤོག་གང་ཡིན་ཡང་དྲ་ཐོག་ནས་ལྟ་ཀློག་བྱེད་མཁན་ཧ་ཅང་མང་བས་ཤོག་ཐོག་ནས་ཀློག་མཁན་ཉུང་དུ་འགྲོ་བཞིན་པ་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མི་འབོར་ཉུང་བ་དང་། དེ་ཡང་འཛམ་གླིང་གི་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཁ་འཐོར་ནས་གནས་ཡོད། རྒྱ་གར་གཅིག་པུར་ཆ་བཞག་ནའང་ཤར་ལྷོ་ནུབ་བྱང་གང་སར་ཁ་འཐོར་ནས་ཡོད་པས། ཤོག་ཐོག་གི་གནས་ཚུལ་རྣམས་དུས་ཐོག་རག་རྒྱུར་དཀའ་ངལ་དམིགས་བསལ་མང་པོ་ཡོད། ད་དུང་བོད་མི་ཕལ་ཆེ་བར་དཔེ་དེབ་དང་གསར་ཤོག་ཀློག་རྒྱུའི་གོམས་གཤིས་ཀྱང་ཧ་ཅང་དཀོན་པ་བཅས་ཕྱོགས་གང་ཐད་ནས་འགོག་རྐྱེན་སྣ་ཚོགས་ཡོད་པ་དང་། བརྙན་ལམ་གྱི་གནས་ཚུལ་རྣམས་དུས་ཐོག་ལྟ་ཉན་བྱེད་ཐུབ་པ་མ་ཟད། ཕྱོགས་ཚང་མའི་གནས་ཚུལ་ཤེས་རྟོགས་དགོས་པ་དེ་གལ་ཆེན་པོ་ཡིན་པས། བོད་ཀྱི་བང་ཆེན་གྱི་དྲ་བརྙན་འདིས་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་བ་ཡོད།

མདོར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཙམ་མིན་པར་བོད་དོན་འཐབ་རྩོད་ཀྱི་ཕྱོགས་ངོས་གང་ས་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྟོང་ཆ་ཡོད་ཀྱང་དེའི་ཕྱོགས་ནས་འབད་བརྩོན་བྱ་རྒྱུ་དང་། གསར་འགྱུར་བརྒྱུད་ལམ་ཞིག་ལ་མཚོན་ན་མི་ཚང་མའི་འདོད་པ་ཡོངས་སུ་སྐོང་ཐུབ་པའི་ཐབས་ལམ་ཞིག་གཏན་ནས་མེད་ཀྱང་། བོད་པའི་ཛ་དྲག་གནས་སྟངས་ལ་དམིགས་ནས་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་ནུས་ཤུགས་གཙོ་བོ་འདོན་རྒྱུ་ཡིན། བོད་ཀྱི་བང་ཆེན་གྱི་ཐོག་མའི་དམིགས་ཡུལ་ཡང་། “༡  བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་བཅས་རྒྱུད་འཛིན་དར་སྤེལ། ༢ བོད་དོན་བདེན་མཐའ་གསལ་ཐབས། ༣ འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང༌། མང་གཙོ། ཁོར་ཡུག་སོགས་ཀྱི་གོ་རྟོགས་གོང་མཐོར་སྤེལ་ཐབས་སུ་སྲི་ཞུ་ཞབས་འདེགས་ནུས་ཚོད་དང་བསྟུན་ནས་བསྒྲུབ་རྒྱུ་དེ་ཡིན།“ལ། མ་འོངས་པར་མུ་མཐུད་དམིགས་ཡུལ་འདི་དག་གཞི་རྩར་བཞག་ནས་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན། ཐུགས་སྣང་ཅན་རྣམས་ཀྱིས་ད་ལན་གྱི་ལས་འཆར་གསར་པ་འདི་ལ་ལམ་སྟོན་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།