བཅའ་ཁྲིམས་དོན་ཚན་དང་པོ་ལག་བསྟར་བྱས་ན་སྐྱོན་ཡོད་དམ།
ང་ཚོའི་དཀའ་རྙོག་གི་མགོ་ཁུངས་ཡར་དེད་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་བཙན་བཟུང་བྱེད་མཁན་གྱི་མི་གསུམ་ལ་ཐུག་ཡོད། བཅའ་ཁྲིམས་རིན་པོ་ཆེ་དང་དམངས་གཙོ་ནི་སྐབས་འཚོལ་རིང་ལུགས་པ་དང་སྒེར་དོན་རིང་ལུགས་པ། དབང་ཆ་འཐབ་རྩོད་པའི་དཔུང་སྡེའི་མིག་ནང་གི་གད་སྙིགས། ཡང་ན་ཚེར་མ་ཉག་ཅིག་དེ་རེད། ད་ལྟའི་ཆར་བཅའ་ཁྲིམས་རིན་པོ་ཆེ་དང་ཡང་དག་པའི་དམངས་གཙོ་ཟེར་བ་གཉིས་ལ་རིན་ཐང་གང་ཡང་མེད་པའི་གནས་སུ་ལྷུང་ཡོད།
རིག་པའི་མྱུ་གུ
ང་ཚོའི་དཀའ་རྙོག་གི་མགོ་ཁུངས་ཡར་དེད་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་བཙན་བཟུང་བྱེད་མཁན་གྱི་མི་གསུམ་ལ་ཐུག་ཡོད། བཅའ་ཁྲིམས་རིན་པོ་ཆེ་དང་དམངས་གཙོ་ནི་སྐབས་འཚོལ་རིང་ལུགས་པ་དང་སྒེར་དོན་རིང་ལུགས་པ། དབང་ཆ་འཐབ་རྩོད་པའི་དཔུང་སྡེའི་མིག་ནང་གི་གད་སྙིགས། ཡང་ན་ཚེར་མ་ཉག་ཅིག་དེ་རེད། ད་ལྟའི་ཆར་བཅའ་ཁྲིམས་རིན་པོ་ཆེ་དང་ཡང་དག་པའི་དམངས་གཙོ་ཟེར་བ་གཉིས་ལ་རིན་ཐང་གང་ཡང་མེད་པའི་གནས་སུ་ལྷུང་ཡོད།
འདས་པའི་ཟླ་ཤས་རིང་ལ་བཅའ་ཁྲིམས་དོན་ཚན་༤༠, ༤༧, ༤༩, ༥༤, ༥༨, ༦༣, ༦༦, ༦༧ སོགས་དང་། ད་དུང་ཡིག་ཆ་ཨང་༣༩ པའི་སྐོར་སོགས་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་གླེང་སློང་ཁྱབ་རྒྱ་ཆེན་པོ་བྱས་ཡོད། གལ་སྲིད་སྐྱུག་བྲོ་བ་དང་ཡི་ཐང་ཆད་དགོས་པའི་ཆབ་སྲིད་ཀྱི་འཁྲབ་སྟོན་འདི་ཉིད་བརྒྱུད་ནས་ང་ཚོའི་བར་ལ་ཐོབ་ཤོར་གྱི་དབྱེ་མཚམས་ཤིག་བཟོ་ཐུབ་རྒྱུ་ཞིག་ཡོད་ན། ད་ཆ་བཟོས་ཚར་དགོས་ངེས་ཤིག་རེད། ཡིན་ན་ཡང་རྟ་རྒྱུགས་ན་རྒྱུགས་མཉམ་དང་། གུར་བརྒྱབས་ན་ཁ་འཕྲོད་ཀྱི་དཔེ་ལྟར་ཡོང་གི་མེད་པས། རྣོ་ངར་ཅན་གྱི་ནང་ཁུལ་གྱི་འགལ་ཟླའམ་ཁ་གཏད་ཀྱི་མེ་ལྕེ་མུ་མཐུད་དུ་མཆེད་བཞིན་ཡོད། དཔེར་ན་ཕར་ཚུར་གྱི་ཤོག་ཁག་བཟོས་ནས་སུ་འགྲིག་སུ་ནོར་གྱི་འགྲན་རྩོད་སློང་བ། ༧རྒྱལ་བ་དང་བཅའ་ཁྲིམས་ཁ་ལ་ཁུར་ནས་ཕན་ཚུན་འབུར་འཇོམས་བྱེད་པ། ཆེད་དུ་ཆོལ་ཁ་དང་ཆོས་ལུགས་བར་རྩོད་རྙོག་བཟོས་ནས་སྤྱི་ཚོགས་ནང་ལ་དབྱེ་འབྱེད་ཀྱི་ས་མཚམས་བཟོ་པ། མདོར་ན། སྐྱུག་བྲོ་བའི་ནང་ཁུལ་རྒོལ་རྡུང་གི་བྱ་གཞག་ཐབས་སྐྱོ་པོ་འདི་ལ་བརྟེན་ནས་སྤྱིར་རྒྱལ་སྤྱི་དང་། ཁྱད་པར་དུ་བོད་མིའི་སྤྱི་ཚོགས་སུ་བོད་དོན་འཐབ་རྩོད་དང་བོད་མིའི་ཆིག་སྒྲིལ་གྱི་འདུ་ཤེས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། ད་ནི་ཆབ་སྲིད་ཀྱི་ལྟ་གྲུབ་མི་བཤད་པར་སོ་སོའི་འདོད་པ་དང་མི་མཐུན་པའི་མི་རྣམས་ཉེན་རྟོག་པར་རྩིས་སྤྲོད་ཐབས་བྱེད་པའི་གཏིང་ནག་དང་བླུན་རྨོངས་ཀྱི་ལས་འགུལ་སྤེལ་མགོ་བཙུགས་སྐོར་འདུག
མེ་མདའ་དང་དམག་མི་ཡོད་མེད་ཀྱི་ཁྱད་པར་ལས། མིང་དུ་གྲགས་པའི་ཨ་ཧྥི་རི་ཀའི་སྒེར་གཅོད་རིང་ལུགས་པའི་དམངས་གཙོའི་ལམ་ལུགས་ལས་ཀྱང་ཐབས་སྐྱོ་བའི་ང་ཚོའི་ནར་མ་སོན་པའི་དམངས་གཙོའི་གནས་བབ་འདི། ང་ཚོའི་སྒེར་གཅོད་དང་མཁྲེགས་འཛིན་གྱི་ལྟ་གྲུབ་འཛིན་པའི་མི་བུ་དག་གིས་རང་དོན་བསྒྲུབ་པའི་ལག་ཆར་བེད་སྤྱོད་གཏོང་བཞིན་ཡོད། ད་ལྟའི་ཆབ་སྲིད་དཀའ་རྙོག་གི་འགག་ས་གཙོ་བོ་ཡང་དེ་ག་རང་རེད། བྱ་ཚིག་རེ་ཟུང་ལ་སོ་སོའི་དགོས་འདོད་དང་མཐུན་པའི་འགྲེལ་བཤད་རེ་དང་། མཇུག་འབྲས་གང་ཡོང་ཤེས་བཞིན་དུ་བཅའ་ཁྲིམས་ལ་སྔ་ཕྱི་མི་མཐུན་པའི་ལོག་འགྲེལ་རེ་བརྒྱབ་ནས་གནད་དོན་གཙང་སེལ་ཡོང་རེ་དང་། ཡང་ན་ཆེད་མངགས་ཀྱིས་སྤྱི་ཚོགས་རྙོག་ཟིང་གི་ཁ་ཕྱོགས་ལ་བསྒྱུར་དང་སྒྱུར་བཞིན་པ། ད་དུང་དམངས་ཚོགས་མགོ་རྨོངས་སུ་འཇུག་བཞིན་པའམ་ངན་སྐུལ་བྱེད་བཞིན་ཡོད། དོན་སྙིང་། ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་མེད་པའི་ཐོག་ནས་གྲོས་ཚོགས་ཀྱིས་གནས་དབྱུང་བཏང་ཟིན་པའི་ཁྲིམས་ཞིབ་པ་མི་གསུམ་ཡང་བསྐྱར་ཁྲིམས་ཞིབ་ཁང་དུ་ཡར་བསླེབས་བཞག་པ་དེ་ནི་དཀའ་ངལ་ཆེན་པོ་འདིའི་བྱུང་རྩ་རེད། ད་དུང་དེ་གསུམ་གྱི་དབང་ཆའི་ཆེད་དུ་མངོན་དང་ལྐོག་ཏུ་ལས་ཀ་བྱེད་མཁན་ཚོ་ནི་མུ་གེའི་སྟེང་གི་ཟླ་ལྷག་རེད། དེ་ཚོར་སྒེར་གཅོད་ཟིང་འཁྲུག་པའི་དཔུང་ཁག་ཅེས་པའི་མིང་དེ་བཏགས་བཞག་ན་ཆེས་འོས་ཤིང་འཚམ་པ་རེད།
ད་བར་བཅའ་ཁྲིམས་དོན་ཚན་དང་པོའི་སྐོར་ལ་སུ་ཞིག་གིས་སམ། ཡང་ན་ཆེས་ཉུང་ཤས་ཤིག་གིས་མ་གཏོགས་གླེང་སློང་མི་བྱེད་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། འདི་ནི་དྲི་བ་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོའི་དམངས་གཙོ་བསྐྱར་གསོ་དང་། ཆོལ་གསུམ་ལག་གདང་སྦྲེལ་ནས་ང་ཚོར་མུ་མཐུད་དུ་མདུན་སྐྱོད་བྱེད་བསམ་པའི་སྤོབས་པ་དང་སྙིང་སྟོབས་ཡོད་ན། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གི་’བླང་དོར་ལམ་སྟོན་པ་’ ཞེས་པའི་ཚིག་རྐང་ལྔ་པོ་དེ་ཡིད་ལ་བཅངས་ནས་༧སྐྱབས་མགོན་དོན་གྱི་བདག་པོར་ལམ་སྟོན་སྐྱབས་འཇུག་ངེས་པར་དུ་ཞུ་དགོས། ད་ཐེངས་ཀྱི་དཀའ་ངལ་འདི་ཡི་ཉམས་མྱོང་ལ་བརྟེན་ནས་ང་ཚོས་བླང་དགོས་པ་མང་པོ་ཞིག་གསལ་པོ་ཆགས་ཡོད་ལ། དོར་དགོས་པ་དེ་བས་ཀྱང་མང་པོ་ཞིག་ཡོད་པ་ང་ཚོས་ཤེས་ཚར་ཡོད། ཡིན་ན་ཡང་ང་ཚོར་དམངས་གཙོའི་སྒྲིག་འཛུགས་སྦོ་བརླུགས་པའི་དཀའ་ངལ་འདི་འདྲ་ཛ་དྲག་པོ་ཞིག་ཕྲད་པ་ཤེས་བཞིན་དུ། ང་ཚོས་ཟླ་བ་རིང་པོ་ཧ་ཅང་མང་པོའི་རྗེས་ལ་༧རྒྱལ་བ་རིན་པོ་ཆེ་མུ་མཐུད་དུ་ནག་ཁུང་ནང་ལ་འཇོག་བཞིན་པ་འདི་ཡང་སྙིང་། བཅའ་ཁྲིམས་དང་མི་བུ་སུ་ཡི་ཆེད་དུ་ཡིན་ནམ། དཀའ་རྙོག་འདི་ཡི་ཁྲོད་སུ་ལ་ག་རེ་ཐོབ་འདོད་པ་ཡིན་ནམ། སྔར་ཁོང་གིས་ང་ཚོར་དམངས་གཙོ་གསོལ་རས་གནང་། ད་ཁོང་དགོང་ལོ་བགྲེས་དུས་ང་ཚོའི་དམངས་གཙོའི་གནས་བབ་མཁྱེན་རྟོགས་དང་། བོད་འབངས་ལ་བརྩེ་གཟིགས་གནང་བའི་ཐོབ་ཐང་དང་རང་དབང་དེ་ཤོར་ཚར་བ་རེད་དམ། ཁོང་གི་ཐུགས་སྲས་ངོ་མ་དེ་ཁོང་གིས་ང་ཚོར་བསྩལ་བའི་དམངས་གཙོ་དེ་རེད། ང་ཚོར་འདི་གཉིས་ལས་ལྷག་པའི་མ་རྩ་གཞན་ག་རེ་ཡོད། ང་ཚོས་སྤོབས་པ་ཆེན་པོས་མི་རིགས་གཞན་ལ་ངོམ་གིན་པ་ཡང་དེ་གཉིས་ཙམ་མ་རེད་དམ། ཡིན་ན་ཡང་མཐོ་རིམ་མི་སྣ་ཚོས་འདི་གཉིས་ཁ་ཐག་ཇེ་རིང་དུ་གཏོང་བའམ། འབྲེལ་མེད་བཟོ་བཞིན་པའི་ངང་ཚུལ་འདི་ལ་བསམས་ན་ང་ཚོར་རེ་བ་གཞན་ཞིག་ཡོད་པ་མཐོང་གི་འདུག་གམ། སྐབས་༡༧ པའི་མདོ་སྟོད་སྤྱི་འཐུས་ཡོངས་དང་ཆོས་བརྒྱུད་སྤྱི་འཐུས་ཁག་གིས་དཀའ་ངལ་འདིའི་བྱུང་རིམ་ཆ་ཚང་ཡོད་པའི་ཡི་གེ་ཞིག་༧གོང་ས་མཆོག་ལ་ཕུལ་ནས། ཁོང་གིས་བཀའ་ཅི་གསུང་དེ་སྒྲུབ་ཞུ་རྒྱུ་ཡིན་ཟེར་བ་ལྟར་གཞན་པ་ཚོས་ཅིའི་ཕྱིར་བྱེད་མི་ཐུབ་པ་རེད། སྔར་བཀའ་ཟུར་དང་སྤྱི་ཟུར་ཁག་ཅིག་གིས་ཞུ་ལོག་གི་ཉམས་མྱོང་ལ་བརྟེན་ནས། དམངས་གཙོའི་བརྒྱུད་རིམ་དང་། ཁྲིམས་ཞིབ་ཁང་ལ་བཙན་འཛུལ། བཙན་འཛུལ་བར་རྒྱབ་ལངས། ཟུར་པའི་སྨྱོ་ཧམ། ད་དུང་ཆོལ་ཁ་སྤྱི་འཐུས་ཀྱི་དཔུང་སྒྲིག་སོགས་བྱུང་རིམ་ཡག་པོ་ཞིག་མེད་པས་ཐམས་ཅད་རང་ཉིད་ཀྱི་སྐྱོན་ཆ་འགེབ་སྲུང་གི་ཆེད་དུ། ༧རྒྱལ་བ་རིན་པོ་ནག་ཁུང་ལ་འཇོག་གིན་ཡོད་པ་མ་རེད་དམ། སྤྱི་འཐུས་ཁག་ཅིག་གིས་༧སྐུ་མདུན་ལ་བྲིས་པའི་ད་ཐེངས་ཀྱི་དཀའ་ངལ་བྱུང་རིམ་གྱི་ཡི་གེ་དེ་སྐུ་སྒེར་དྲུང་ཆེ་རེ་ཟུང་གིས་བཀག་པ་དེ་ནི་སྒེར་གཅོད་དང་། ༧སྐུ་མདུན་ལ་སྣང་ཆུང་། ༧སྐུ་མདུན་ལ་གོང་བཀུར་མི་བྱེད་པའི་དཔེ་མཚོན་ཞིག་རེད།
སྒེར་གཅོད་པ་དང་། རང་ཁེ་རིང་ལུགས་ཀྱི་གཤིས་ཀ་དོར་མ་ཐུབ་པའི་ཟུར་པ་དང་། དེ་ཚོའི་གཡོ་འོག་ཏུ་ཚུད་པའི་སྤྱི་འཐུས་ཉེར་གཅིག་པོར་ཁྲིམས་མཐུན་དང་དངོས་བདེན་གྱི་རྒྱབ་གནོན་ཡོད་ན། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རེ་ཟུང་གི་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གྱི་འོག་ལ། སྔ་ས་ནས་དཀའ་རྙོག་འདིའི་བྱུང་རིམ་ཡོད་པའི་ཡིག་ཆ་རིང་པོ་ཞིག་བཟོས་ནས་༧གོང་ས་མཆོག་ལ་ཕུལ་ཚར་ཡོད་ཤས་ཆེ། ད་རེས་ཀྱི་གནས་ཚུལ་འདི་ཡར་ཞུས་ན་གཞན་དག་ནག་པོ་བཟོ་པའི་ལམ་ཀ་མེད་པར་ཤེས་ནས། ཨུ་ཚུགས་དང་མཁྲེགས་འཛིན། ད་དུང་ཐབས་སྣ་ཚོགས་པའི་སྒོ་ནས་གཞན་པ་རྣམས་ཀྱིས་ཁོ་ཚོ་ལྟར་ཁྲིམས་འགལ་གྱི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱེད་པར་རེ་བ་རྒྱག་བཞིན་ཡོད། གནས་ཚུལ་ཡོང་སྟངས་ལ་བལྟས་ན་དེ་ནི་ཕལ་ཆེར་ཡོང་མི་སྲིད་པ་ཞིག་རེད་འདུག སྤྱི་འཐུས་༢༢ ལ་ཁྲིམས་མཐུན་ཆགས་མེད་པའི་བར་བརྒལ་གྱི་ཚོགས་གཙོའི་མདུན་ནས་དམ་འབུལ་བྱེད་མཁན་ཚོ་དང་མཉམ་དུ་གྲོས་ཚོགས་སྐྱར་དུ་འཛུགས་འདོད་ཡོད་ན། ཨ་དབུས་གཉིས་ཀྱི་སྤྱི་འཐུས་ཚོས་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་བྱེད་མཁན་དང་མཉམ་ལས་བྱེད་མི་ཐུབ་པར་དམིགས་བསལ་གྱི་རྒྱུ་མཚན་ཡོད་པ་ཞིག་ཏུ་མ་མཐོང་། དམ་འབུལ་གཉིས་ནས་གཅིག་ཁྲིམས་མཐུན་དང་། གཞན་དེ་ཁྲིམས་འགལ་ཡིན་པའི་རྩོད་སྒྲུབ་ཀྱི་རིག་པ་ཞིག་ཁྲིམས་སྒྲིག་གང་དུ་ཡང་རྙེད་རྒྱུ་མེད་པ་དེ་ཁྲིམས་འགལ་ལམ། བཙན་འཛུལ་བ་གསུམ། དེ་དག་ལ་ངན་སྐུལ་བྱེད་མཁན་གྱི་ཟུར་པ་ཚོས་བཟོས་པ་ཞིག་ཡིན་པ་ཁས་ལེན་ཐུབ་པ་དེ་རྩ་དོན་ཞིག་རེད། ད་འགྲིག་འཇགས་དང་མདུན་སྐྱོད་བྱེད་པའི་ཐབས་ལམ་ནི་མི་འཚོལ། མཉམ་འབྲེལ་ཡང་མི་བྱེད། སོ་སོ་གཅིག་པུའི་འདོད་ཐོག་ལ་གཞན་རྣམས་ཀྱང་ར་ལུག་ལྟར་ངེས་པར་དུ་འགྲོ་དགོས་པའི་དྲག་ཤུགས་ལ་ནུས་པ་ཐོན་རྒྱུ་ཁག་པོ་ཡིན་པའི་ཚོད་དུ་སྣང་། དེ་ན་བཅའ་ཁྲིམས་དོན་ཚན་དང་པོ་ལག་བསྟར་བྱས། གནས་ཚུལ་ཆ་ཚང་ཡར་ཞུ། མར་བཀའ་གང་གནང་ལ་ཚང་མས་བརྩི། ཐབས་ལམ་འདི་ནི་ཐབས་ལམ་ཡོད་པའི་ཐབས་ལམ་གྱི་མཆོག་ཡིན་པས་ཚང་མས་དེ་ངེས་པར་དུ་ལག་བསྟར་བྱེད་དགོས།།
སྤྱི་ལོ་༢༠༢༡ ཟླ་༠༩ ཚེས་ ༠༩ ལ་བྲིས་སོ།།