བདུན་གཅིག་ནང་བོད་མི་༥༥ ལ་ཏོག་ནད་གསར་དུ་ཕོག་ཡོད་འདུག 

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་བོད་མིར་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༥༥ བྱུང་ཡོད་འདུག་པ་དང་། མི་གྲངས་༢ འདས་གྲོངས་སུ་གྱུར་ཡོད་འདུག 

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་བོད་མིར་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༥༥ བྱུང་ཡོད་འདུག་པ་དང་། མི་གྲངས་༢ འདས་གྲོངས་སུ་གྱུར་ཡོད་འདུག 

བདུན་ཕྲག་སྔོན་མ་དང་བསྡུར་ན་ནད་པ་གསར་པའི་གྲངས་༧༧ གྱིས་ཉུང་དུ་ཕྱིན་ཡོད་འདུག་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་སྔོན་ཁབ་གཉིས་ཀ་བརྒྱབ་ཟིན་ཡང་རེ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཡང་ཡོང་གི་འདུག་པས། ནམ་རྒྱུན་གྱི་སྔོན་འགོག་གནང་སྒོ་ཁག་ལག་བསྟར་གནང་དགོས་པ། ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཐོག་ལ་སྤྱི་ཚོགས་དྲ་རྒྱ་ལ་སོགས་ཀྱི་ནང་དཀྲོག་གཏམ་རིགས་ལ་ཡིད་ཆེས་མི་བྱེད་པར་སོ་སོའི་ཉེ་འཁོར་དུ་ཡོད་པའི་འབྲེལ་ཡོད་འཕྲོད་བསྟེན་མི་སྣའི་དྲུང་ནས་ལམ་སྟོན་ཞུ་དགོས་པའི་ལམ་སྟོན་གནང་སོང་།

ཟླ་༨ པའི་ཚེས་༡༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༣ དེ་སྤེལ་ཡོད་པ་རེད། 

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ཀྱིས་གསུང་དོན། ཏོག་དབྱིབས་གཉན་རིམས་ཀྱི་ནད་ཡམས་ཐོག་སྔ་ལོ་ནས་བཟུང་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་དང་། དེའི་དབང་གིས་འདིར་གནས་ཡུལ་རྒྱལ་ཁབ་རྒྱ་གར་དང་། དེ་བཞིན་བལ་ཡུལ་ནང་དཀའ་ངལ་གཅིག་མཚུངས་འཕྲད་ཡོད་པ་རེད། དེའི་ཁོངས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ཁ་འཐོར་གནས་པའི་རང་རིགས་བོད་མི་མང་དག་ལ་དཀའ་ངལ་འཕྲད་དང་འཕྲད་མུས་ཡིན།  ཉེ་ཆར་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པ་བྱུང་རྗེས་ཕྲན་བུ་བཟང་དུ་ཕྱིན་པའི་ཚོར་སྣང་དང་ཉམས་མྱོང་བྱུང་ཡོད། འོན་ཀྱང་ད་ལྟ་བདུན་ཕྲག་གཅིག་གཉིས་ཀྱི་གནས་སྐབས་ལ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁ་ཤས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ས་གནས་གང་དུ་གནས་ཡོད་ཀྱང་སོ་སོ་རང་ཉིད་ཀྱི་འཕྲོད་བསྟེན་དང་ནང་མི། བོད་མི་རིགས་ལ་དགོངས་པ་བཞེས་ཏེ་ཐུགས་སྣང་གནང་རོགས། གོང་དུ་ཞུས་པ་བཞིན་བོད་མིའི་གཞིས་ཆགས་ཁག་གཅིག་གི་ནང་ནད་པའི་གྲངས་འབོར་མང་དུ་འགྲོ་བཞིན་པའི་ཐད་མང་ཚོགས་ནས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་དགོས་པ་མ་ཟད།  ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་གང་ཞིག་ལ་སྔོན་ཁབ་གཉིས་པ་རྒྱག་རྒྱུའི་ཐད་ལྷོད་གཡེང་དུ་མ་སོང་བར་སྔོན་ཁབ་ངེས་པར་དུ་རྒྱག་དགོས། ནད་ཡམས་དེར་ད་བར་བཅོས་ཐབས་ཡག་ཤོས་ནི་སྔོན་ཁབ་དེ་ཡིན་སྟབས་ཚང་མས་སྔོན་ཁབ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉེ་ཆར་འཛམ་གླིང་གི་ཁྱད་ལས་པ་མང་དག་གིས་ཞིབ་འཇུག་གནང་བའི་ཐོག་སྔོན་ཁབ་དང་པོ་གཅིག་པུའི་ནུས་པ་ཆེན་ཐོན་གྱི་མེད་སྐོར་དང་། སྔོན་ཁབ་གཉིས་བརྒྱབ་ཟིན་ཏེ་མཐར་སྨན་ཁབ་གྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད་སྐོར་ཐད་གསལ་བསྒྲགས་ཤིག་སླེབས་ཀྱི་འདུག དེར་བརྟེན་སྔོན་ཁབ་གཉིས་པ་བཞེས་རྒྱུའི་ཐོག་ངེས་པར་ཐུགས་སྣང་གནང་དགོས། རྒྱ་གར་ལ་ཆ་མཚོན་ན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྔ་ལོའི་མཇུག་ནས་བཟུང་རྒྱ་གར་གཞུང་ལ་དམིགས་བསལ་གྱི་རེ་འདུན་ཞུས་པ་བཞིན་བོད་མིར་མཐུན་འགྱུར་ཧ་ཅང་ཡག་པོ་གནང་ཡོད། སྔོན་ཁབ་གཉིས་པའི་ཐོག་ལ་སྔར་ལྟར་སྐུ་ངལ་མ་འཕྲད་པའི་ཐོག་ནས་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་འདུན་ཞུས་པ་ལྟར། རྒྱ་གར་གཞུང་གིས་མངའ་སྡེ་རྣམས་ལ་ལམ་སྟོན་གནང་སྟེ་བོད་མི་རྣམས་ལ་ཡུལ་མི་ལྟར་གཅིག་མཚུངས་ལྟར་སྔོན་འགོག་སྨན་ཁབ་བགོ་བགྲེམས་གནང་བ་ལྟར་མུ་མཐུད་གནང་དགོས་སྐོར་བཀའ་གནང་ཡོད། བསྐྱར་དུ་སྔོན་ཁབ་རྒྱག་རྒྱུའི་ཐད་ལྷོད་གཡེང་དུ་མི་འགྲོ་བར་ཐུགས་སྣང་ཆེ་བཞེས་ཡོང་བ་ཞུ། སྔོན་ཁབ་གཉིས་ཀ་བརྒྱབ་ཟིན་ཡང་རེ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཡང་ཡོང་གི་འདུག  དེར་བརྟེན་ནམ་རྒྱུན་གྱི་སྔོན་འགོག་གནང་སྒོ་ཁག་ལག་བསྟར་གནང་དགོས། ང་ཚོས་ངོས་ནས་མྱུར་དུ་ཏོག་དབྱིབས་གཉན་རིམས་འདི་འཛམ་གླིང་ཀུན་དང་ལྷག་པར་བོད་མི་རྣམས་ལ་དཀའ་ངལ་མ་འཕྲད་པའི་ཐོག་ནས་ལས་དོན་ལ་རོལ་ཐུབ་པའི་རེ་བ་ཞུ་དང་ཞུས་མུས་ཡིན། ཚང་མའི་མུ་མཐུད་འབད་བརྩོན་གནང་སྐྱོང་ཡོང་བ་ཞུ། ཞེས་གསུངས།

དེ་ནས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། འདས་པའི་བདུན་ཕྲག་འདིའི་ནང་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་ནང་མི་གྲངས་༦༢ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད།  ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་༡༥ དང་བལ་ཡུལ་ནང་གི་ས་གནས་༣ བཅས་ཀྱི་བོད་མི་གྲངས་༧༦༩ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་འོས་ཆོས་ལྡན་པ་གྲངས་༢༡༠༩༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་༢༨༧༡༠ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་༦༨༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་༣༠༢༤ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད། ཕྱོགས་མཚུངས་དབུས་དང་ས་གནས་ཛ་དྲག་ཚོགས་ཆུང་གི་བདུན་རེའི་ཚོགས་འདུ་འཚོགས་རྒྱུ་ཁག་མུ་མཐུད་འགྲོ་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་དབུས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ས་གནས་ས་ཐོག་ཏུ་ཕྱོགས་བསྐྱོད་ཀྱིས་གཟིགས་རྟོག་དང་ལམ་སྟོན་གནང་རྒྱུ་རིགས་འགོ་བཙུགས་ཟིན། གལ་ཏེ་ས་གནས་སུ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་སླད་མཐུན་འགྱུར་ཞུ་དགོས་པ་དང་། དེ་བཞིན་དཀའ་ངལ་རིགས་ཡོད་ན་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ས་གནས་སུ་ཕེབས་སྐབས་ཞུ་དགོས།འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༥༥ བྱུང་ཡོད་པ་ལས་སྐྱེས་པ་གྲངས་༣༧ དང་། བུད་མེད་གྲངས་༡༨ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༩༣ དང་ཆུང་ཤོས་དེ་བྱིས་པ་ལོ་༧  ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་༢ འདས་གྲོངས་སུ་གྱུར་ཡོད།  ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་༦༡༣༥ དང་། དྲག་སྐྱེད་བྱུང་བ་མི་གྲངས་༥༧༦༥། འདས་གྲོངས་སུ་གྱུར་བ་མི་གྲངས་༡༤༦། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་༢༤ ཡོད་པ་རེད།

རྒྱ་གར་ནང་ནད་རླབས་གསུམ་པ་ཞིག་ཕྱི་ཟླ་༨་་༩་་༡༠  ནང་ཡོང་གི་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པར་བརྟེན་དོ་བདག་སོ་སོའི་ངོས་ནས་འགན་བཞེས་ཏེ་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་ཕྱག་བསྟར་གནང་བ་ཡིན་ན་ནད་རླབས་གསུམ་པ་དེ་འགོག་ཐུབ་རྒྱུ་ཡིན་པའི་གནས་ཚུལ་ཡང་འདུག

བདེ་ལེགས་སྨན་ཁང་གི་སྨན་པ་ཨོ་རྒྱན་རྒྱ་མཚོས་ངོ་སྤྲོད་གནང་བ་ལྟར་ན། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ནད་པ་ས་ཡ་ཉིས་བརྒྱ་ལྷག་ཙམ་བྱུང་ཡོད་པ་ཁོངས་ནས་མང་ཆེ་བ་དེ་ཨ་རི་ཆགས་ཀྱི་འདུག ཨ་རིའི་ནང་ནད་པ་ས་ཡ་སུམ་ཅུ་སོ་བདུན་ལྷག་ཙམ། རྒྱ་གར་ནང་ས་ཡ་སུམ་ཅུ་སོ་གཉིས་ལྷག་ཙམ་ཆགས་ཀྱི་འདུག རྒྱ་གར་ནང་འདས་པའི་ཆུ་ཚོད་༢༤ ནང་རྒྱ་གར་གྱི་ས་ཁུལ་ཀེ་ར་ལ་དང་མ་ཧཱ་རཱཤཊྲ། ཨཱནདྷྲ་པྲདེཤ། ཀརནཱ་ཊ་ཀ་ནང་ནད་པ་གྲངས་འབོར་ཇེ་མང་འགྲོ་བཞིན་འདུག 

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།