བདུན་གཅིག་ནང་བོད་མི་ཏོག་ནད་ཕོག་མཁན་༡༠༢ བྱུང་འདུག 

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༠༢ བྱུང་ཡོད་པ་ལས་སྐྱེས་པ་གྲངས་༦༩ དང་། བུད་མེད་གྲངས་༣༣ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༨༢ དང་ཆུང་ཤོས་དེ་ལོ་༡  ཡིན་པ་དང་། བདུན་ཕྲག་སྔོན་མ་དང་བསྡུར་ན་ནད་པའི་མི་གྲངས་༢ ཉུང་དུ་ཕྱིན་འདུག 

ཟླ་༩ པའི་ཚེས་༣༠ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༩ པ་དེ་སྤེལ་ཡོད་པ་རེད། དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན།  འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༠ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༢ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༢ ནང་། བོད་མི་རང་ཁྱིམ་དུ་མི་གྲངས་༢༥༤ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༣༩༡ བཅས་ཁྱོན་བསྡོམས་བོད་མི་གྲངས་༦༤༥ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་༥༢༨༨༣ ལ་རིན་མེད་བགོ་འགྲེམས་གནང་ཡོད་པ་རེད། དེ་བཞིན་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་༤༠ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད་འདུག 

སྔོན་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་༡༨ ཡན་གྲངས་༣༧༣༥༦ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་༡༣༤༧༨ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན།  ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་༥༣༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་༣༡༩༡ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད། ནད་ཡམས་ཁྱབ་གདལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་༡༣ དང་བལ་ཡུལ་ནང་གི་ས་གནས་གྲངས་༢ བཅས་ཀྱི་བོད་མི་གྲངས་༡༣༤༦ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༠༢ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༦༩ དང་། བུད་མེད་གྲངས་༣༣། དེའི་ནང་ནས་ལོ་ན་མཐོ་ཤོས་དེ་༨༢ དང་ཆུང་ཤོས་དེ་ལོ་ན་༡ ཡིན་འདུག། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་༦༥༢༠ དང་། དྲག་སྐྱེད་བྱུང་བ་མི་གྲངས་༦༡༩༦། འདས་གྲོངས་སུ་གྱུར་བ་མི་གྲངས་༡༥༠། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་༡༧༤ ཡོད་འདུག 

བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་ལམ་སྟོན་གནང་དོན། ཉེ་དུས་ནས་རྡ་ས་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཕྲན་བུ་མང་དུ་ཕྱིན་ཡོད་སྟབས། མང་ཚོགས་ལ་འབོད་སྐུལ་ཞུ་རྒྱུར་སྔོན་འགོག་གི་ཐབས་ལམ་ཁག་སྔར་ལྷག་ལག་བསྟར་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ཁ་རས་མུ་མཐུད་གྱོན་རྒྱུ་དང་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ད་ལྟའི་ཆར་ཧི་མ་ཅཱལ་དང་ཀཱེ་རེ་ལཱ་ཕུད་པའི་རྒྱ་གར་ནང་གི་མངའ་སྡེ་གཞན་ནང་གནས་སྟངས་བཟང་པོ་རེད་འདུག་ཅེས་གསུངས་སོང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།