བདེ་སྲུང་བཀའ་བློན་ནས་ཨོ་གླིང་དུ་གཞིས་སྤོའི་ལས་གཞི་སླར་གསོ་བྱུང་ཡོད་པར་བརྗོད་གནང་སོང་།
ཕྱི་ཟླ་༩ ཚེས་༡༧ སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༨ པའི་ལས་ཉིན་༦ ཚོགས་ཐུན་༣ པར། སྤྱི་འཐུས་རྒྱུན་ལས་ནས་བདེ་སྲུང་གི་ལས་བསྡོམས་རྒྱས་པར་གཟིགས་ཞིབ་ཀྱིས་དོགས་འདྲི་ཕུལ་བ་ཁག་ལས། ད་ལྟའི་ཆར་ཨོ་གླིང་གི་ལས་གཞི་བསྐྱར་གསོ་ཐུབ་རེ་ཡོད་མེད་སོགས་ཀྱི་སྐོར་འདྲི་སྐབས། བདེ་སྲུང་བཀའ་བློན་ནས་སྡེ་སྲུང་ལས་ཁུངས་ནས་ངོས་བཞེས་ཟིན་པའི་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་རྣམས་ལ་ཕན་ཐོགས་ཆེ་བའི་ཨོ་གླིང་གཞིས་སྤོའི་ལས་གཞི་དེ་དག་ཨོ་གླིང་གཞུང་གིས་སྤྱི་ཡོངས་གཞིས་སྤོའི་ཁྲིམས་ཡིག་དང་དེ་འབྲེལ་ལས་དོན་བྱེད་ཕྱོགས་ཁག་ཅིག་ལ་འགྱུར་བ་ཕྱིན་པར་བརྟེན། བོད་མིའི་གཞིས་སྤོའི་ལས་གཞི་ལའང་དོ་ཕོག་ཤུགས་ཆེར་སོང་ཡོད་པས་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འགན་རྐང་བཞེས་ཐོག་ཕྱོགས་ཡོངས་ནས་ཐབས་འཚོལ་དང་འབད་བརྩོན་ཞུས་འབྲས་སུ། ཉེ་ལམ་ཨོ་གླིང་གཞུང་གིས་དགོངས་པ་ཆེ་བཞེས་ཀྱིས་ལས་གཞི་དེ་ཉིད་སླར་གསོ་བྱུང་ཡོད་སྐོར་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་སྙན་གསན་བྱུང་ཞེས་ལན་གནང་སོང་ལ། དེ་བཞིན་དཔལ་ལྡན་སྲིད་སྐྱོང་ནས་ཀྱང་ཨོ་གླིང་གི་ལས་གཞི་དེ་སྔ་བཞིན་མུ་མཐུད་ནས་གནས་ཀྱི་ཡོད་ཅེས་ཨོ་གླིང་གཞུང་གིས་༢༠༢༤ ཕྱི་ཟླ་༩ ཚེས་༩ ཉིན་མོར་དོན་གཅོད་སྐད་བཏང་ནས་གནས་ཚུལ་གསལ་པོ་ཡོད་པ། ཁོང་ཚོས་ད་ལྟ་བར་དུ་གསུངས་པ་བྱས་ན་རྩ་བའི་གནས་ཚུལ་དེ་༢༠༢༢ ནས་ཐག་གཅོད་ཟིན་འདུག་ཀྱང་། ང་ཚོ་ལ་གསལ་པོ་བྱས་ནས་མ་བྱུང་བས་པ་རུ་དེར་ཆད་པའི་བཟོ་འདྲ་བྱས་ཏེ། ད་ལྟ་བོད་པ་གཅིག་པུ་ལ་དམིགས་བསལ་བྱས་ཏེ་སླར་གསོ་བྱུང་ཡོད། ཨོ་གླིང་གཞུང་ནས་ད་ལྟ་བར་དུ་གནས་ཚུལ་དེ་ཏོག་ཙམ་འགག་པའི་སྐབས་སུ་ཁྱེད་ཚོས་གནས་ཚུལ་ཆེན་པོ་དང་ཟང་ཟིང་བཟོས་མ་སོང་བས་ཐུགས་རྗེ་ཆེ་ཞེས་དང་། ད་ལྟ་ཡིན་ཡང་གནས་ཚུལ་དེ་ཡོངས་བསྒྲགས་ཆེན་པོ་བྱེད་མི་དགོས་པ་བྱེད་རོགས་བརྗོད་འདུག་ཞེས་དང་། དེ་ཡང་ཨོ་གླིང་གཞུང་གིས་རྒྱ་ནག་ལ་ཞེད་པའི་སྐད་ཆ་མིན་པར་མི་རིགས་གཞན་པ་ང་ཚོ་བཞིན་མར་བཏོན་པ་ཚང་མས་ཡང་བསྐྱར་ཞུ་རྒྱུའི་ཉེན་ཁ་ཡོད་པས་མང་པོ་མ་ཤོད་ཅེས་དོན་གཅོད་ལ་ཡིག་ཐོག་ནས་རེ་སྐུལ་ཞུས་ཡོད་པར་བརྗོད་སོང་ལ། ཨོ་གླིང་གི་ལས་གཞི་དེ་ད་ལྟ་འགྲོ་བཞིན་པས་དེའི་སྐོར་ཡང་བསྐྱར་གྲོས་ཚོགས་ནང་གླེང་མི་དགོས་པ་བྱ་རྒྱུ་དང་། ལས་གཞི་དེ་མུ་མཐུད་འགྲོ་ཡས་ལ་གཏན་ཁེལ་ཡོད་ཅེས་བརྗོད་གནང་སོང་། དེ་བཞིན་སྤྱི་འཐུས་ཤིག་གིས་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་ཁོངས་ནང་ནས་ད་ཆ་སྙན་ཞུ་འབུལ་མཁན་ཡོད་ན་ལེན་གྱི་ཡོད་མེད་སོགས་འདྲི་སྐབས། བདེ་སྲུང་བཀའ་བློན་ནས། ང་ཚོས་ལས་གཞི་བར་དེར་དོ་ཕོགས་འགྲོ་བའི་སྐབས་ཡིན་ཡང་སླར་གསོ་ཡོང་ཐབས་ལ་རེ་བ་ཆེན་པོ་བྱས་ནས། ཚོགས་ཆུང་གི་ལས་ཀ་དང་། མི་མང་གི་སྙན་ཞུ་འབུལ་མཁན་ཡོད་ན་ལེན་རྐྱང་བྱེད་ཀྱི་ཡོད་ཅེས་བརྗོད་གནང་སོང་ལ། གཞན་ཡང་སྙན་ཞུ་འབུལ་མཁན་གྱི་གྲངས་སོགས་ཀྱི་དྲི་བའི་ལན་དུ། བདེ་སྲུང་བཀའ་བློན་ནས། ལས་ཀ་ཁ་ཤས་རྩ་ཆེན་པོ་དང་མི་མང་ལ་ཕན་ག་ཚོད་ཐོགས་ཀྱི་ཡོད་ཀྱང་ང་ཚོས་ཡིན་ཤག་ཤག་བྱས་ནས་ལོ་༢༧ རིང་ལ་བཀའ་དྲིན་ཆེན་པོའི་ལས་གཞི་དེའི་ཐོག་ལ་ང་ཚོས་ཏོག་ཙམ་སྣང་མེད་བཟོ་འདྲ་ཞིག་ཤོར་བཞག ང་ཚོ་འབྲེལ་ཡོད་ཚང་མས་གཟབ་གཟབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། ཨོ་གླིང་གི་དོན་གཅོད་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་ནང་ལས་གཞི་དེ་འཁོད་ཀྱི་མེད་པ། དེ་བཞིན་བདེ་སྲུང་ལས་ཁུངས་གཙོས་པའི་འབྲེལ་ཡོད་ལས་ཁུངས་ཚང་མའི་ངོས་ནས་སྒོ་བརྒྱབས་ཚར་ནས་དུས་ཚོད་གང་འཚམས་ཤིག་ལ་ཐབས་ཤེས་དང་འབད་བརྩོན་བྱས་ནས། ཕྱི་དྲིལ་བཀའ་བློན་ཨོ་གླིང་དུ་ཕྱོགས་ཕེབས་སྐབས་དང་བསྟུན་ནས་བཀའ་བློན་གཉིས་དུས་གཅིག་ལ་དགོས་པ་མེད་པས་དེས་འཐུས་པར་བྱས་ནས། དེའི་སྐབས་སུ་ལས་གཞི་དེ་གཅིག་བྱས་ན་ཡོད་ས་མ་རེད་བསམ་པ་དང་། མ་འོངས་བྱེད་འཆར་སོགས་ཁ་གསལ་མ་བྱུང་བའི་གནས་སྟངས་དེ་འདྲ། ང་རང་ཚོ་རང་གི་ཐོག་ནས་ལས་ཀ་བྱེད་སྟངས་མང་པོ་ཞིག་ལ་འགྲིགས་པ་གཅིག་པུར་མ་བཤད་ནས་མ་འགྲིགས་པ་དེ་ཚོར་ང་ཚོ་ཚང་མས་ལས་ཀ་ཁ་ཤས་ཐོག་ཐུགས་སྣང་ཆེ་རུ་གཏོང་དགོས་པ་སོགས་བརྗོད་གནང་སོང་། གཞན་ཡང་༢༠༡༤ ནས་ད་བར་སྙན་ཞུ་འབུལ་མཁན་༡༩༦༧ བྱུང་ཁོངས་ནས་ཞིབ་འཇུག་ཐག་གཅོད་ཟིན་པ་༡༥༩༢ དང་། མུ་མཐུད་ལྷག་ཡོད་པ་༣༧༥ ། རྒྱན་ཐོབ་ཟིན་ཅིང་བརྒྱུད་རིམ་ནང་ཡོད་པ་དུས་ཚང་བཞིའམ་མི་གྲངས་༡༣ ཡོད་པ། ཨོ་གླིང་དུ་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་བཏང་ཟིན་ཁོངས་ནས་བོད་དུ་ཕྱིར་ལོག་ཟིན་པ་གཅིག་ཡོད་འདུག་པས། གནས་ཚུལ་དེ་རིགས་སྒེར་གྱི་ཁེ་ཕན་ལ་མ་ལྟོས་པར་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་མིན་བོད་དུ་ཕྱིར་ལོག་གནང་མཁན་དོ་བདག་སོ་སོའི་ངོས་ནས་དགོངས་བཞེས་གནང་དགོས་པ་ཞིག་ཡིན་ཞེས་བརྗོད་གནང་སོང་།
གསར་འགོད་པ། བསྟན་འཛིན་ལམ་བཟང་།