ཆེད་བརྗོད།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ད་ལྟའི་ཆར་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་སྐོར་གསུངས་རྗེས། སྤྱི་ཚོགས་ནང་གླེང་སློང་གང་མང་བྱུང་བ་དང། ཁོང་གིས་ཀྱང་དེ་ལ་འགྲེལ་བཤད་སྔ་རྗེས་མི་འདྲ་བ་སྣ་ཚོགས་ཤིག་གནང་ནས་སྤྱི་ཚོགས་ནང་དེ་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང། རྒྱབ་སྐྱོར་དང་མོས་མཐུན་ཡོད་པའི་རྣམ་འགྱུར་སྟོན་མཁན་ཡང་བྱུང་ཡོད། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཞིག་ལ་ལན་འདེབས་དང་འབྲེལ། སྤྱི་འཐུས་མང་པོ་ཞིག་གིས་ཡང་ཡང་འཕྲོས་དོན་དྲི་བ་བཏང་བས་སྲིད་སྐྱོང་གིས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དང། ད་ལྟ་བོད་དེ་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅེས། སྐར་རྟགས་ཅན་གྱི་དྲིས་ལན་ནང་“བོད་དེ་འདས་པའི་མི་ལོ་བདུན་ཅུ་དོན་གྲངས་རིང་བཙན་བཟུང་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་པ་གསལ་པོ་ཡིན་ཞིང་”ཞེས་འཁོད་པ་དེ་ཕྱིར་འཐེན་གནང་སོང།

བོད་ལ་རྒྱ་དམར་གཞུང་གིས་བཙན་འཛུལ་དྲག་གནོན་བྱས་ནས་ད་ལྟའི་ཆར་བཙན་གནོན་འོག་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནས་སྟངས་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་ཟིན་པར་ངོས་ལེན་བྱས་ན་ཆབ་སྲིད་ཀྱི་ཐོག་ནས་ནོར་འཁྲུལ་ཆེན་པོ་ཞིག་ཏུ་གྱུར་ཡོད། གཞིས་བྱེས་གཉིས་ཀྱི་ཚབ་མཚོན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ད་ལྟའི་ཆར་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་གནང་བ་ཡིན་ན། བོད་དོན་འཐབ་རྩོད་དེ་རྒྱ་ནག་གི་ནང་སྲིད་གནད་དོན་ཙམ་དུ་རང་བཞིན་གྱིས་ངོས་ལེན་བྱས་པ་ཡིན་པས། ཆབ་སྲིད་ཀྱི་གནད་འགག་ཐོག་ནས་བོད་དེ་འདས་པ་དང་ད་ལྟ་གཉིས་ཀར་རྒྱ་ནག་གི་ཆ་ཤས་གཏན་ནས་མིན་པའི་ལངས་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ཧ་ཅང་གལ་ཆེ། བོད་ཡུལ་དེ་ད་ལྟ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པ་ཙམ་གྱིས་ཆབ་སྲིད་དང་ཁྲིམས་ལུགས་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་པ་མིན་ཡང། བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་གཞུང་གིས་དེ་ལྟར་ངོས་འཛིན་གནང་ན་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཏུ་འགྱུར་ངེས་རེད།

སྲིད་སྐྱོང་ལ་ད་ལྟའི་ཆར་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་ཅེས་པའི་དགོངས་པ་དེ་ཐོག་མ་ག་འདྲ་བྱས་ནས་སླེབས་པ་དང། ལྷག་པར་དུ་ཨ་རིའི་གཞུང་གི་བོད་དོན་འབྲེལ་མཐུད་པར་བཀའ་མོལ་གནང་བའི་ནང་དོན་དུ་དེ་ལྟར་གསུངས་པ་ཡིན་པའི་འགྲེལ་བརྗོད་དེ་ནི། ཕྱོགས་གང་ནས་བསམ་ཡང་རྒྱུ་མཚན་རྙེད་དཀའ་བའི་དྲི་བ་ཞིག་ཏུ་གྱུར་འདུག གང་ལྟར་སྤྱི་ཚོགས་ནང་བསམ་ཚུལ་ཤུགས་ཆེ་བྱུང་བ་དང་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེ་བྱུང་བས། སྲིད་སྐྱོང་གིས་གྲོས་ཚོགས་ནང་ཡོངས་གྲགས་ཐོག་ནས་“བོད་དེ་འདས་པའི་མི་ལོ་བདུན་ཅུ་དོན་གྲངས་རིང་བཙན་བཟུང་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་པ་གསལ་པོ་ཡིན་ཞིང་”ཞེས་པ་དེ་ཕྱིར་འཐེན་གནང་ནས། དེའི་ཚབ་ཏུ་“བོད་དེ་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་ཅིག་”ཏུ་ངོས་འཛིན་གནང་བ་ནི། ཕྱོགས་གང་ནས་བསམ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་ཞིང། དེ་ནི་གྲོས་ཚོགས་ནང་བྱུང་བའི་གནད་དོན་ཞིག་ཡིན་པས་གསར་ལམ་གྱི་སྐད་ཆ་ལས་རིན་ཐང་རྦད་དེ་ཆེ་བ་ཡོད།

ཆབ་སྲིད་ཀྱི་ཐོག་ནས་གནད་དོན་འདི་ལྟ་བུ་ནི་དུས་ནམ་ཡང་བཤད་མི་རུང་བ་ཞིག་ཡིན་ལ། གནད་དོན་འདིའི་རིགས་མུ་མཐུད་མི་ཡོང་བ་བྱ་རྒྱུ་ནི་དཔལ་ལྡན་སྲིད་སྐྱོང་གིས་གཙོས་བཀའ་བློན་རྣམ་པ་དང། འཛིན་སྐྱོང་གི་འགོ་ཁྲིད་དང་དྲུང་ཆེ་ཆུང་དང་ལས་བྱེད་རྣམ་པས་ཡིད་ལ་ངེས་དགོས་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་མ་འོངས་པར་དེ་ལྟ་བུའི་རིགས་གནང་ན་ཆབ་སྲིད་ཀྱི་ཐོག་ནས་ནོར་འཁྲུལ་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད། ད་ལན་གྱི་ཉམས་མྱོང་འདི་ལ་བརྟེན་ནས་མ་འོངས་པར་བོད་ཀྱི་རྩ་དོན་ཆབ་སྲིད་དང་འབྲེལ་བའི་གནད་དོན་རིགས་གླེང་སྐབས་ཞིབ་འཇུག་གཏིང་ཟབ་དང་གྲ་སྒྲིག་ཡོད་པའི་ཐོག་ནས་གླེང་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། སྲིད་སྐྱོང་གིས་གྲོས་ཚོགས་ནང་སྤྱི་འཐུས་རྣམ་པའི་བསམ་ཚུལ་བཞིན་སྐར་རྟགས་ཅན་གྱི་དྲི་བའི་ལན་འདེབས་ལ་འགྱུར་བ་བཏང་བ་ནི། བཟང་ཕྱོགས་དང་གུ་ཡངས་པོ་གནང་བ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་དང་བསྔགས་བརྗོད་ཀྱང་ཞུ་འོས་པ་ཞིག་ཏུ་གྱུར་ཡོད།

མདོར་ན་སྲིད་སྐྱོང་གིས་གྲོས་ཚོགས་ནང་སྐར་རྟགས་ཅན་གྱི་དྲི་བ་དང་འབྲེལ་བའི་བཀའ་ལན་གནང་བའི་ནང། གྲོས་ཚོགས་ཀྱི་འཐུས་མི་ཚང་མའི་དགོངས་ཚུལ་དེ་ཡིན་ན་གནད་དོན་དེ་སླད་ཕྱིན་གཏན་ནས་གླེང་མི་ཆོག་པའི་ཐག་གཅོད་ཅིག་གྲོས་ཚོགས་རང་དུ་གནང་དགོས་པའི་སྐོར་ཡང་ཡང་གསུངས་སོང་ལ། ཕྱོགས་གང་ནས་བསམ་བློ་བཏང་ཡང་སྲིད་སྐྱོང་གིས་གསུངས་པ་བཞིན་གནད་དོན་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། དེར་བརྟེན་ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ནས། འདས་པའི་ལོ་རྒྱུས་དང་མ་འོངས་པའི་འཆར་གཞི་ཙམ་མ་ཡིན་པར། ད་ལྟའི་ཆར་ཡང་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་དང་འགྲེལ་བརྗོད་རིགས་སླད་ཕྱིན་གཏན་ནས་མི་ཆོག་པའི་གྲོས་ཆོད་ཅིག་འཇོག་དགོས་པ་དེ་དུས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད། དེ་མིན་སྐར་རྟགས་ཅན་གྱི་དྲི་བའི་ལན་འདེབས་ཤིག་ཏུ་འགྱུར་བ་བཏང་བ་ཙམ་གྱིས་གྲོས་ཚོགས་སྤྱི་ཡོངས་ཀྱི་ཐག་གཅོད་ཅིག་ཏུ་འགྱུར་མི་ཐུབ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།