བཙན་གནོན་འོག་ནས་སླར་ཡང་ཧོང་ཀོང་གི་མང་གཙོའི་གསར་ཁང་ཞིག་གི་སྒོ་རྒྱག་རྒྱུ་རེད་འདུག
ཧོང་ཀོང་གི་ཉེན་རྟོག་པས་མང་གཙོའི་གསར་ཁང་ Stand News ལ་སྔོག་བཤེར་དང་། གསར་ཁང་དེའི་ལས་བྱེད་བདུན་འཛིན་བཟུང་བྱས་ནས་ཉིན་བཅུ་གྲངས་ལས་མ་ཕྱིན་པའི་རྗེས། རང་དབང་ཅན་གྱི་མི་མང་གསར་ཁང་(Citizen News) གིས་ཀྱང་གསར་འགོད་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་འོག་ནས་ལས་མཚམས་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
ཧོང་ཀོང་གི་ཉེན་རྟོག་པས་མང་གཙོའི་གསར་ཁང་ Stand News ལ་སྔོག་བཤེར་དང་། གསར་ཁང་དེའི་ལས་བྱེད་བདུན་འཛིན་བཟུང་བྱས་ནས་ཉིན་བཅུ་གྲངས་ལས་མ་ཕྱིན་པའི་རྗེས། རང་དབང་ཅན་གྱི་མི་མང་གསར་ཁང་(Citizen News) གིས་ཀྱང་གསར་འགོད་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་འོག་ནས་ལས་མཚམས་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
མི་མང་གསར་ཁང་ནས་ཁ་སང་རེས་གཟའ་ཉི་མའི་ཉིན་སྤེལ་བའི་གསལ་བསྒྲགས་ནང་། ཟླ་བའི་༡ པོའི་ཚེས་༤ ནས་གསར་ཁང་དེའི་སྒོ་བརྒྱབ་ནས་ལས་མཚམས་འཇོག་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་ནི་ཧོང་ཀོང་གི་ཇེ་སྡུག་ཇེ་ཞན་དུ་འགྱུར་བཞིན་པའི་གསར་འགོད་རང་དབང་གི་གནས་སྟངས་འོག་ནས་སེམས་ཁྲལ་མེད་པར་ལས་ཀ་བྱེད་ཐབས་བྲལ་བས་ཡིན་སྐོར་བསྒྲགས་ཡོད་འདུག
རང་དབང་ཅན་གྱི་གསར་ཁང་དེས་སྤེལ་བའི་བསྒྲགས་གཏམ་ནང་། “ང་ཚོ་དུས་རྟག་ཏུ་ས་ཆ་འདི་ལ་བརྩེ་ཞིང་དུངས། ཡིན་ན་ཡང་། ད་ལྟ་ང་ཚོར་འཕྲད་བཞིན་པ་དེ་རླུང་བུ་དང་ཆར་པ་མ་ཡིན་པར་མཚོ་རླུང་གཏུམ་པོ་ཡིན་པས། ང་ཚོ་འ་ཆད་འུ་ཐུག་ཏུ་གྱུར་སོང་”ཞེས་བརྗོད་པ་མ་ཟད། “ང་ཚོས་ཐོག་མའི་ཀུན་སློང་དེ་གཏན་ནས་བརྗེད་མེད། འོན་ཀྱང་། འདས་པའི་ལོ་ངོ་གཉིས་ཀྱི་ནང་དུ་བྱུང་བའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཆེན་པོ་དང་། ཇེ་ཞན་དུ་འགྲོ་བཞིན་པའི་གསར་འགོད་རང་དབང་གིས་ང་ཚོའི་དམིགས་ཡུལ་དེ་འགྲུབ་པར་འགོག་རྐྱེན་བཟོས་པ་ནི་ཅི་འདྲའི་སེམས་ཕང་བ་ཞིག་རེད་ཨང་”ཞེས་བསྒྲགས་ཡོད་འདུག
ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་ལ་ཕྱི་ལོ་༢༠༤༧ བར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་དང་། རང་སྲིད་རང་སྐྱོང་དུ་འཇོག་རྒྱུའི་ཁས་ལེན་བྱས་ཡོད། ཡིན་ན་ཡང་། རྒྱ་ནག་གིས་སོ་སོའི་ཁས་ལེན་དང་རྒྱལ་ཁབ་གཉིས་ཀྱི་གྲོས་མཐུན་རྩིས་མེད་བཏང་ནས་༢༠༢༠ ལོའི་ཕྱི་ཟླ་༦ པར་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་མི་སྣ་དག་གི་ཐོག་ཏུ་བེད་སྤྱོད་གཏོང་ཆོག་པའི་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་གཏན་ལ་ཕབ་པ་ནས་བཟུང་། སྔོན་ཆད་གོ་ལའི་དཔལ་འབྱོར་གྱི་ལྟེ་བ་དང་། རང་སྲིད་རང་སྐྱོང་གི་དཔེ་མཚོན་དུ་གྱུར་བའི་ཧོང་ཀོང་མགྱོགས་མྱུར་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་གཞན་དག་ལྟར་རང་དབང་དང་། ཐོབ་ཐང་ཅི་ཡང་མེད་པའི་ས་ཁུལ་ཞིག་ཏུ་འགྱུར་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།