བཙན་དབང་གིས་དར་དམར་བསྒྲེངས་བཅུག་པ་ནི་བཙན་འཛུལ་གྱི་བསམ་བློ་རེད།

ཁྲིན་ཝན་ཅེ་ཡིས་བརྩམས། ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར།

བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ནི་རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་ཡང་ནས་ཡང་དུ་བརྗོད་པའི་ལངས་ཕྱོགས་རེད། འོན་ཀྱང་།

ཁྲིན་ཝན་ཅེ་ཡིས་བརྩམས། ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར།

བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ནི་རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་ཡང་ནས་ཡང་དུ་བརྗོད་པའི་ལངས་ཕྱོགས་རེད། འོན་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་བོད་ཀྱི་སྲིད་ཇུས་མང་པོ་ཞིག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བྱས་པའི་ས་ཁུལ་ཞིག་ལ་ངོས་འཛིན་བྱས་ཡོད།

རྒྱ་ནག་དམར་ཤོག་ཚོགས་པས་བཙན་དབང་གིས་བོད་ཀྱི་དགོན་སྡེ་དང་མི་ཚང་གི་ཁྱིམ་དུ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་འདྲ་པར་སྒྲིག་བཤམ་བཅུག་པའི་རྗེས། བོད་མིའི་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་ལ་འཇིགས་སྐུལ་འདང་ངེས་ཤིག་བྱེད་ཐུབ་མེད་པ་ཤེས་ཏེ། བསྐྱར་དུ་བཙན་དབང་གིས་བོད་མིའི་སྡོད་ཁང་གི་ཐོག་ཏུ་སྐར་ལྔའི་དར་དམར་བསྒྲེངས་བཅུག་པ་རེད། བྱེད་སྟངས་འདིའི་རིགས་ནི་གཅིག་གིས་གཅིག་ལ་དབང་བསྒྱུར་བྱས་པ་དང་། རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་གྱི་གྲོང་ཁྱེར་ཞིག་ལ་བཙན་འཛུལ་སྐབས་ད་གཟོད་འབྱུང་གི་ཡོད། དཔེར་ན་དེ་སྔོན་ཉི་ཧོང་དམག་དཔུང་གིས་རྒྱ་ནག་ལ་བཙན་འཛུལ་བྱས་སྐབས། གྲོང་ཁྱེར་གཅིག་ལ་དབང་བསྒྱུར་རྗེས། གྲོང་ཁྱེར་དེར་ཉི་ཧོང་གི་“ཉི་མའི་དར་ཆ་”སྒྲེང་གི་ཡོད། གལ་ཏེ་བོད་དེ་རྒྱ་ནག་གི་ཞིང་ཆེན་གཞན་དག་དང་གཅིག་མཚུངས་ཡིན་ན། བཙན་དབང་གིས་བོད་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་དུ་སྐར་ལྔའི་དར་དམར་བསྒྲེངས་བཅུག་དགོས་དོན་མེད། སྤྱིར་བོད་ལ་རྒྱ་ནག་དམར་ཤོག་གིས་དབང་བསྒྱུར་བྱས་ཏེ་དུས་རབས་ཕྱེད་ལྷག་འགོར་གྱི་ཡོད་རུང་། རྒྱ་ནག་དམར་ཤོག་གིས་སྔར་བཞིན་དབང་བསྒྱུར་ས་ཁུལ་ཞིག་ལ་ངོས་འཛིན་བྱས་ཡོད།

བོད་མིའི་ངོས་ནས་བཤད་ན། དགོན་པའི་ནང་གི་གྲྭ་ཤག་ཏུ་བཙན་དབང་གིས་དམར་ཤོག་འགོ་ཁྲིད་ཀྱི་འདྲ་པར་སྒྲིག་བཤམ་བྱེད་བཅུག་པ་དེས། ཁོང་ཚོའི་ཆོས་ཕྱོགས་ཀྱི་འཚོ་བར་མཐོང་ཆུང་དང་ཁྱད་གསོད་ཚད་ལས་བརྒལ་བ་བྱས་ཡོད། རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཆེན་གཞན་དག་ནང་གི་རྒྱ་མིའི་ཁྱིམ་དང་། དགོན་སྡེ་སོགས་ཀྱི་ནང་དུ་འགོ་ཁྲིད་ཀྱི་འདྲ་པར་སྒྲིག་བཤམ་དགོས་པའི་གཏན་འབེབས་བྱས་མེད་ཅིང་། བོད་མི་ཁོ་ནས་དེ་ལྟར་བྱེད་དགོས། སྲིད་གཞུང་གིས་ད་དུང་རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཆེན་གཞན་དག་ཏུ་རྒྱ་མིའི་སྡོད་ཁང་ཐོག་སྐར་ལྔའི་དར་དམར་སྒྲེང་དགོས་པའི་གཏན་འབེབས་ཀྱང་བྱས་མེད། བོད་མི་གཅིག་པུར་བཙན་དབང་གིས་སྐར་ལྔའི་དར་དམར་སྒྲེང་བཅུག་པ་དེས་ཀྱང་། གནས་སྟངས་གང་འདྲ་ཞིག་འོག་ཡོད་མེད་ཤེས་ཐུབ། དེར་མ་ཟད་བོད་མི་ལ་སོ་སོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་ཡོད་པ་མ་ཟད། རང་ཉིད་ཀྱི་གངས་སེང་གི་དར་ཆ་ཡང་ཡོད་ལ། གངས་སེང་དར་ཆ་ནི་མའོ་ཙེ་ཏུང་གིས་ངོས་ལེན་ཡོད་པའི་དར་ཆ་ཞིག་རེད། ཅིའི་ཕྱིར་རང་གི་དར་ཆ་བསྒྲེངས་པ་དེ་རང་བཙན་གྱི་མཚན་རྟགས་སུ་གྱུར་པ་རེད། འདི་ནི་རྒྱུ་མཚན་གཏན་ནས་མེད་པ་ཞིག་རེད། ཧོང་ཀོང་དུ་རང་གི་“མེ་ཏོག་མཆིན་ཁ་”ཡི་དར་ཆ་སྒྲེང་ཆོག་པ་དང་། ལོ་རྒྱུས་དང་རིག་གནས་སྲོལ་རྒྱུན་མི་འདྲ་བ་ཡོད་པའི་བོད་མི་རིགས་ཀྱིས་རང་གི་དར་ཆ་སྒྲེང་ན། ཅིའི་ཕྱིར་རང་བཙན་གྱི་རྟགས་མཚན་དུ་གྱུར་པ་རེད། བཙན་དབང་གིས་སྐར་ལྔའི་དར་དམར་བསྒྲེངས་བཅུག་པ་ནི་དམར་རྗེན་རྗེན་གྱི་བཙན་འཛུལ་ཞིག་རེད།

དར་དམར་བསྒྲེངས་པའི་སྲིད་ཇུས་དེ་བོད་དུ་ལག་སྟར་བྱས་པའི་རྗེས། དར་དམར་བསྒྲེངས་པ་དང་དར་དམར་ཕབ་པ་དེ་དབང་བསྒྱུར་དང་ངོ་རྒོལ་གཉིས་འདྲེས་པའི་དམག་འཁྲུག་ཅིག་ཏུ་གྱུར་ཡོད། ཉིན་མོར་རྒྱ་དམར་ལས་བྱེད་པས་བོད་མི་ལ་བཙན་གྱིས་དར་དམར་ཡར་སྒྲེང་བཅུག་པ་དང་། མཚན་མོར་བོད་མིས་དར་དམར་མར་ཕབ་ཀྱི་ཡོད། ས་གནས་སྲིད་གཞུང་གིས་གྲོང་སྡེ་སོ་སོའི་གཞི་རིམ་གྱི་དམར་ཤོག་སྒྲིག་འཛུགས་ལ་“དར་ཆ་སྲུང་སྐྱོབ་”ཀྱི་ལས་དོན་ཡག་པོ་སྤེལ་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཁག་ཐེག་གི་ཡི་གེ་ཡང་བཟོས་ཡོད། བྱེད་སྟངས་འདིའི་རིགས་ནི་དེ་སྔོན་ཉི་ཧོང་གིས་རྒྱ་ནག་གི་གྲོང་སྡེ་དང་གྲོང་ཁྱེར་ལ་དབང་བསྒྱུར་བྱས་སྐབས་དང་མཚུངས་པ་ཞིག་རེད་ལ། ཁག་ཐེག་ལམ་ལུགས་བཙུགས་པ་ཡང་གཅིག་མཚུངས་རེད། གྲོང་མི་དང་གྲོང་ཁྱེར་གྱི་མིས་ཉི་ཧོང་སྲིད་གཞུང་ལ་བློ་དཀར་བའི་ཁག་ཐེག་བྱེད་དགོས།  ལོ་སྔོན་མའི་ནང་བོད་ཀྱི་གྲོང་སྡེ་མང་པོ་ཞིག་ཏུ་བོད་མིས་དར་དམར་སྒྲེང་འཛུགས་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཉེན་རྟོག་པས་ཉེས་རྡུང་བཏང་པའི་གནས་ཚུལ། བོད་ཁུལ་གྱི་དཀར་མཛེས་རྫོང་དང་བྲག་འགོ་རྫོང་གི་ནང་དུའང་བྱུང་ཡོད། རྒྱ་ནག་དམར་ཤོག་གིས་བོད་ལ་དབང་བསྒྱུར་བྱས་ཏེ་མི་ལོ་ང་བཅུ་ལྷག་གི་རིང་། སྔ་གཞུག་ཀུན་དུ་བཙན་འཛུལ་བའི་བསམ་བློ་ལ་འགྱུར་ལྡོག་གཏན་ནས་ཕྱིན་མེད་པ་དང་། དེ་ལྟ་བའི་བསམ་བློ་ལ་འགྱུར་ལྡོག་མ་བཏང་བ་ཡིན་ན། རྒྱ་ནག་དམར་ཤོག་གིས་བོད་ཀྱི་སྲིད་ཇུས་ལ་འགྱུར་བ་ཡོད་མི་སྲིད། རྒྱ་ནག་དམར་ཤོག་གིས་བོད་ཀྱི་གནད་དོན་ཐོག་ད་དུང་གོ་ནོར་གཅིག་ཐེབས་ཡོད་པ་ནི། བོད་ལ་དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་བཏང་ཐུབ་པ་ཙམ་གྱིས་བོད་མིའི་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་ཏེ། དེས་གནད་དོན་ཐམས་ཅད་གཙང་སེལ་ནུས་པའི་ངོས་འཛིན་བྱས་ཡོད། རྒྱ་དམར་གྱི་སེམས་ནང་གི་འཚོ་བ་ནི་ཕྱི་དངོས་པོའི་འཚོ་བ་ཁོ་ན་ཡིན་པ་དང་། ཆོས་ཕྱོགས་ཀྱི་འཚོ་བ་མཐའ་གཅིག་ཏུ་སྣང་མེད་དུ་བཞག་ཡོད། ཁོང་ཚོས་དངོས་པོའི་འཚོ་བར་དཀའ་ངལ་མེད་པའི་རྗེས། སེམས་ཀྱི་འཚོ་བའི་དགོས་མཁོ་དེ་ལས་མང་དུ་འགྲོ་བའི་གནས་ལུགས་ཤེས་མེད། ལྷག་པར་དུ་ཕལ་ཆེར་མི་རིགས་ཡོངས་རྫོགས་ནང་ཆོས་ལ་དད་པ་ཡོད་པའི་བོད་མིའི་ངོས་ནས་བཤད་ན། ཁོང་ཚོའི་མཐོང་སྣང་དུ་སེམས་ཀྱི་ཚོར་བ་ནི་ཕྱི་དངོས་པོའི་འཚོ་བ་ལས་ཧ་ཅང་གལ་ཆེ་བ་དང་། ཚེ་འདིར་སྐྱེ་བ་ཕྱི་མའི་དགེ་རྩ་སྒྲུབ་ཀྱི་ཡོད། རྒྱ་དམར་གྱིས་བོད་ཁུལ་དུ་གཞུང་གི་སྡོད་ཁང་མང་པོ་བཟོས་ཏེ་བོད་མི་སྡོད་བཅུག་པ་དེ། རྩ་བའི་ཆ་ནས་ལས་ཀ་ཡག་པོ་ཞིག་རེད། ཡིན་ནའང་སྟར་ཕྲེང་སྒྲིག་པའི་གཞུང་ཁང་དེ་དག་བོད་མིའི་འཚོ་བ་སྐྱེལ་སྟངས་དང་འཚམས་པོ་གཏན་ནས་མེད། ད་དུང་གཞུང་ཁང་གི་ཡང་སྟེང་དུ་སྐར་ལྔའི་དར་དམར་སྒྲེང་དགོས། དེ་ནི་བོད་མིའི་སེམས་ལ་གྲིས་བཙུགས་པ་དང་གཅིག་མཚུངས་རེད། བོད་མི་རྣམས་སྦྲ་གུར་དུ་སྡོད་དགོས་རུང་སྲིད་གཞུང་གི་སྤྱི་ཁང་དུ་སྡོད་རྒྱུའི་འདོད་མོས་མེད། བོད་མིའི་འཚོ་བ་ཡག་ཏུ་བཏང་ཐུབ་པ་ཙམ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་ཟིན་པའི་བཤད་སྟངས་དེ། ཡག་ས་ནས་བཤད་ན་མཛེས་སྡུག་པའི་གོ་ནོར་ཞིག་དང་། སྡུག་ས་ནས་བཤད་ན་ལྐུགས་པའི་ལས་ཀ་ཞིག་རེད། དེ་ལས་ཀྱང་རྒྱ་དམར་གྱིས་བོད་མིའི་འཚོ་བ་ཡར་རྒྱས་བཏང་བ་ནི། བོད་ཀྱི་དཔོན་རིགས་ཉུང་ཤས་ཤིག་ལ་ཁེ་ཕན་རག་པ་ལས། བོད་མི་མང་ཤོས་ཀྱི་འཚོ་བར་ཁ་ཚ་དགོས་གཏུག་གི་ཡར་རྒྱས་གཏན་ནས་ཕྱིན་མེད།

དོན་དངོས་ཐོག་བོད་ཀྱི་གནད་དོན་དེ་རྙོག་འཛིང་ལྡན་པ་ཞིག་མིན་པ་ཟད་ལས་སླ་པོའི་ངང་ཐག་གཅོད་བྱེད་ཐུབ། བོད་མི་རང་ཉིད་ཀྱི་ཡུལ་གོམས་གཤིིས་ལུགས་ལ་གཞིགས་ནས་འཚོ་བ་སྐྱེལ་བཅུག་པ་ཙམ་གྱིས་འགྲིག་ཡོད། རོགས་སྐྱོར་དེ་དག་ཀྱང་སྤྲོད་དགོས་ཀྱི་མེད་པར། བོད་མི་རང་ཉིད་ཀྱི་གོམས་སྲོལ་ལྟར་འཚོ་བ་སྐྱེལ་ཐུབ་ན་འགྲིག་ཡོད། དེ་བཞིན་མི་རིགས་ཀྱི་འགལ་ཟླ་ཡང་མེད་ལ། རང་བཙན་གྱི་གནད་དོན་ཀྱང་མེད། བོད་ཀྱི་གནད་དོན་ཧ་ཅང་མང་པོ་ཞིག་དོན་དངོས་སུ་རྒྱ་དམར་གྱི་དབང་བསྒྱུར་བསམ་བློས་བཟོས་པ་དང་། རྒྱ་དམར་གྱིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན་ཐོག་མར་དབང་བསྒྱུར་གྱི་བསམ་བློ་མེད་པར་བཟོས་ཏེ། དར་དམར་མར་ཕབ་པ་དང་འདྲ་པར་སྒྲིག་བཤམ་ཕྱིར་འཐེན་བྱེད་དགོས།

རྒྱ་ཡིག་མ་རྩོམ་འབྲེལ་ཐག http://blog.boxun.com/hero/201311/chenwj/3_1.shtml

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།