བཙན་བྱོལ་བོད་ཕྲུག་ཚོ་ཨིན་ཇི་ཡང་སྐྱོ་བོ་ཡིན་དོན་ཅི་རེད།
ལོ་ཤས་ནང་དགོས་པ་དང་རྒྱུ་མཚན་སྣ་མང་ཞིག་ལ་བརྟེན་ནས་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་འབྲི་མཚམས་ཅུང་ཆད་པར་གྱུར་ཀྱང་། ང་ཚོའི་སྤྱི་ཚོགས་ཀྱི་ཡོ་ལང་དང་གནས་བབ་མང་དག་ཅིག་ཁོ་བོའི་མིག་སྔར་གཅིག་རྗེས་གཉིས་མཐུད་ཀྱིས་ཤར་སྐབས་སྙུག་ཐོགས་པ་ཞིག་གི་འགན་འཁྲིར་བསམས་ནས་དེ་རིང་ནས་རྩོམ་ཐུང་ཁ་ཤས་འབྲི་རྒྱུའི་སྙིང་སྟོབས་ཤིག་བསྐྱར་གསོ་བྱས་པ་ཡིན།
བེ་རི་རྒྱལ་སྲས།
ལོ་ཤས་ནང་དགོས་པ་དང་རྒྱུ་མཚན་སྣ་མང་ཞིག་ལ་བརྟེན་ནས་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་འབྲི་མཚམས་ཅུང་ཆད་པར་གྱུར་ཀྱང་། ང་ཚོའི་སྤྱི་ཚོགས་ཀྱི་ཡོ་ལང་དང་གནས་བབ་མང་དག་ཅིག་ཁོ་བོའི་མིག་སྔར་གཅིག་རྗེས་གཉིས་མཐུད་ཀྱིས་ཤར་སྐབས་སྙུག་ཐོགས་པ་ཞིག་གི་འགན་འཁྲིར་བསམས་ནས་དེ་རིང་ནས་རྩོམ་ཐུང་ཁ་ཤས་འབྲི་རྒྱུའི་སྙིང་སྟོབས་ཤིག་བསྐྱར་གསོ་བྱས་པ་ཡིན། གང་བྲིས་པ་རྣམས་རང་གི་བསམ་ཚུལ་ཡིན་པ་ལས་ཚོགས་པ་སྒྲིག་འཛུགས་གང་དང་ཡང་འབྲེལ་བ་མེད་ཅིང་། ཡིག་ཐོག་ནས་ཐེར་འདོན་དང་དགག་སྒྲུབ་ཅི་འདྲ་ཞིག་གནང་ཡང་སྙིང་ནས་དགའ་བསུ་ཞུ་རྒྱུ་དང་། སྤྱི་སྒེར་ནས་དོན་མེད་སྙོན་འཛུགས་དང་འཇིགས་སྐུལ་མི་གནང་བ་མཁྱེན་ཞེས་དང་ཐོག་ནས་གསོལ་བ་འདེབས་རྒྱུ་ཡིན།
ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་སེམས་ཤུགས། ཕུགས་བསམ་དང་འདུ་ཤེས་དག་ལ་ཞིབ་ཀྱིས་བལྟས་ན་དངོས་གནས་རེ་བ་ཆད་ཅིང་སེམས་ཞུམ་དགོས་པ་ཞིག་ལས་གང་ཡང་མེད་ཅིང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བཙན་བྱོལ་དུ་སླེབས་སྐད་ཡིན་ཡང་། གདན་ས་དང་བཤད་གྲྭ་ཁ་ཤས་ཤིག་མ་གཏོགས་བོད་ཀྱི་རིག་གནས་གཅེས་སྲུང་གནང་མཁན་ཞིག་ཧ་ལམ་མེད་པ་དང་། ཐ་ན་བཙན་བྱོལ་ནང་དེང་གི་ཆར་བོད་སྐད་ཐང་ཐང་ཤོད་ཐུབ་མཁན་ཡང་ཆེས་ཤིན་ཏུ་དཀོན་པའི་གནས་སུ་གྱུར་པས། གཞིས་ཀྱི་མཁས་དབང་ཞིག་གིས་གསུངས་པ་ལྟར་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་པར་ཕྱི་ན་ཡོད་པའི་བོད་པ་རྣམས་ལ་རེ་བ་གཏན་ནས་མེད་ཅེས་བཤད་པ་དེ་ལ་བདེན་ཁ་མ་བྱིན་ཀ་མེད་བྱུང་། བཙན་བྱོལ་བོད་ཕྲུག་རྣམས་བོད་ཡིག་ལ་དགའ་ཞེན་མེད་པ་འདི་ས་གྲགས་གནམ་གྲགས་ཡིན་པས་འདིར་དེའི་སྐོར་གླེང་མི་འདོད་ཅིང་། དེ་རིང་བཤད་འདོད་པ་ནི་བཙན་བྱོལ་བོད་ཕྲུག་ཚོའི་ཨིན་ཇིའི་གནས་ཚད་དེ་ཡིན།
བཙན་བྱོལ་བོད་ཕྲུག་རྣམས་ཀྱིས་“ངས་བོད་ཡིག་མི་ཤེས།”ཞེས་སྤོ་སྒྱེ་སྒྱེ་བྱས་ནས་ཧ་ལམ་བོད་ཡིག་མི་ཤེས་པ་དེ་ཁོང་རྣམ་པའི་གཟི་བརྗིད་ཅིག་ཏུ་རྩི་བཞིན་ཡོད་ལ། ཁ་ནས་བཤད་རྒྱུ། ངག་ནས་འདོན་རྒྱུ། ལུས་ལ་གྱོན་རྒྱུ། མདོར་ན་བྱེད་ལུགས་བྱེད་སྟངས་ཡོད་ཚད་ཨིན་ཇིའི་རྗེས་སུ་ཧོལ་རྒྱུགས་བྱེད་ཅི་ཐུབ་བྱེད་བཞིན་ཡོད་ཀྱང་། ཁོང་རྣམ་པའི་ཨིན་ཇིའི་ཤེས་ཚད་ངོ་མ་དེ་རིག་ན་སེམས་སྐྱོ་དགོས་པ་དང་ཡིད་མུག་པ་ཞིག་ལས་གང་ཡང་མེད།
དེ་ཡང་ཆེ་ས་ནས་བཤད་ན། བཙན་བྱོལ་སྤྱི་ཚོགས་ནང་ཨིན་ཇིའི་རྩོམ་པ་པོ་ཇི་ཙམ་ཡོད་མེད་ནི་མཛུབ་མོ་ལྔའི་ནང་གྲངས་ཀ་ཐེབས་ངེས་རེད་ལ། ཐ་ན་ལས་ཁུངས་ཁག་གི་ནང་དུའང་ཨིན་ཇིའི་སྙན་ཞུ་ཚད་ལྡན་འབྲི་ཤེས་མཁན་ཞིག་ཀྱང་ཁ་ཤས་ལས་མེད་པ་འདིས་བཙན་བྱོལ་བོད་མིའི་ཨིན་ཇིའི་གནས་ཚད་ཇི་ཙམ་ཞིག་ཡོད་པ་གསལ་པོར་བསྟན་ཡོད།
འབྲིང་ས་ནས་བཤད་ན། མཐོ་སློབ་ཁག་མི་འདྲ་བ་མང་པོའི་ནང་བོད་ཕྲུག་སྟོང་ཕྲག་ཁ་ཤས་ཡོད་ཀྱང་། དེ་དག་གི་ཁྲོད་ནས་ཨིན་ཇི་དང་འབྲེལ་བའི་སློབ་ཚན་བྱེ་བྲག་པ་གཅིག་གི་ཐོག་ལ་ཆེད་ལས་སློབ་གཉེར་གྱིས་འབུར་དུ་ཐོན་པའི་སློབ་མ་ནི་ད་བར་གཉིས་གསུམ་ཞིག་ལས་མེད་པས། དེའི་བྱིངས་ཐམས་ཅད་ནི་ཨིན་ཇི་དང་འབྲེལ་བའི་སློབ་ཚན་ཁག་གིི་ནང་དྲང་པོར་བཤད་ན་སྤྱི་ཚོགས་ནང་ཕན་རླབས་སྐྲུན་རྒྱུ་ཕར་ཞོག་རང་མགོ་ཡང་མི་ཐོན་ནས་ལུས་ཡོད་པ་ནི། ཐག་རིང་པོ་ལ་ལྟ་མི་དགོས་པར། རང་གི་ཉེ་འཁོར་གྱི་མཐོ་རིམ་སློབ་མར་རློམ་པ་རྣམས་ལ་གཟིགས་དང་ཧ་གོ་དོན་གསལ་རེད། འདིས་ཀྱང་བཙན་བྱོལ་བོད་ཕྲུག་ཚོའི་ཨིན་ཇིའི་གནས་ཚད་ཅི་འདྲ་ཞིག་ཡིན་པ་གསལ་པོར་མཁྱེན་ངེས་རེད།
ཧ་ཅང་ཁྱབ་ཆུང་ས་ཞིག་ནས་བཤད་ན། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚང་མའི་ནང་སློབ་ཚན་ཡོངས་རྫོགས་ཨིན་ཇིའི་ལམ་ནས་ཁྲིད་དང་འཁྲིད་མུས་ཡིན་ཡང་། སློབ་ཕྲུག་དེ་རྣམས་ཀྱིས་ཨིན་ཇིའི་ནང་ཟ་སྐད་འཐུང་སྐད་ཚད་ལྡན་ཞིག་ཀྱང་མི་ཤེས་པའི་ཚོད་དུ་སྣང་ཞིང་། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་མང་པོ་ཞིག་གིས་ཨིན་ཇིའི་སྐད་ནང་འགྲོ་སྐད་འདུག་སྐད་ཀྱང་མི་ཤེས་ན་ཨིན་ཇིའི་གནས་ཚད་ཇི་ཙམ་ཞིག་ལ་སླེབས་ཡོད་མེད་ནི་བཤད་མི་དགོས་པ་ཞིག་རེད།
ཡང་ཆེས་ཤིན་ཏུ་ནས་ཤིན་ཏུ་ཐབས་སྐྱོ་བ་ཞིག་ལ། བཙན་བྱོལ་ནང་གི་མཐོ་རིམ་སློབ་གྲྭ་བ་དང་མཐོ་རིམ་སློབ་ཟུར་རྣམ་པའི་ཁྲོད་དུའང་ཨིན་ཇིའི་གསར་ཤོག་དང་དུས་དེབ། དྲ་ཚིགས་དང་ཟིན་བྲིས་སོགས་ཀྱི་ནང་ཨིན་ཇིའི་རྩོམ་ཡིག་འབྲི་མཁན་ཕར་ཞོག སློབ་མ་དེ་དག་གིས་རྒྱུན་སྤྱོད་ཨིན་ཇིའི་སྐད་ཀྱང་ཤོད་མི་ཐུབ་ཅིང་། ཨིན་ཇིའི་སྐད་སྐར་མ་ཁ་ཤས་འདང་བ་ཞིག་ཀྱང་རྒྱག་མི་ཐུབ་པ་ན། ཁོང་རྣམ་པས་ཤེས་པ་ནི་ཨིན་ཇིའི་ནང་རང་གི་མིང་བྲིས་ཐུབ་པ་དང་། སློབ་དེབ་ནང་གི་ཨིན་ཇིའི་ཡིག་འབྲུ་རྣམས་མར་ཕབ་ཤེས་པ་ཙམ་རེད།
དེས་ན། བཙན་བྱོལ་ནང་གི་བོད་པའི་མཐོ་རིམ་སློབ་མ་སྤྱིའི་ཨིན་ཇིའི་གནས་བབ་ཅི་འདྲ་ཞིག་ཡོད་མེད་དེ་ངས་འགྲེལ་བརྗོད་མི་དགོས་པར་ཡར་ལྟ་མར་ལྟ་དང་ཕར་ཉན་ཚུར་ཉན་བྱེད་པས་ཀྱང་ཤེས་ཐུབ་པ་ཞིག་རེད།
འདི་དག་ནི་བཙན་བྱོལ་ནང་གི་བོད་ཕྲུག་ཚོའི་ཨིན་ཇིའི་གནས་ཚད་ཀྱི་གདོང་རིས་ངོ་མ་དེ་རེད། ཡིན་ཡང་། བོད་ཕྲུག་ཕལ་མོ་ཆེས་སྐད་ཆ་ཤོད་སྐབས་ཨིན་ཇི་བསྲེ་ཅི་ཐུབ་བྱེད་པ་ནི། ཁོང་རྣམ་པ་ཨིན་ཇིའི་སྐད་བདེ་དྲགས་པས་མིན་པར་བོད་སྐད་ཀྱིས་མི་འདང་བ་དང་། ཨིན་ཇིའི་སྐད་ཀྱང་རྒྱག་མི་ཤེས་པའི་དཀའ་ངལ་ཉིས་བརྩེགས་ཤིག་གི་འོག་ནས་རང་གི་བསམ་ཚུལ་ཕྱིར་འདོན་མི་ཐུབ་ནས་སྐད་འགག་པ་ཡིན་པས་ཕྱོགས་གཅིག་ནས་ཁོང་རྣམས་ལ་སྙིང་རྗེ་ལྟ་དགོས་ལ། ཕྱོགས་གཞན་ཞིག་ནས་ཁོང་རྣམ་པར་རང་གིས་ཡག་ཤོས་ཤེས་པའི་“སྐད་ཡིག་དང་པོ་”ཞིག་གཏན་ནས་མེད་པ་དང་། མདོར་ན་འཛམ་གླིང་ནང་གི་མི་ཡི་སྐད་གང་ཡང་མི་ཤེས་པའི་གདོང་རིས་ངོ་མ་དེ་བསྟན་པ་ཡིན་པས་རང་སྐྱོན་རང་གིས་རིག་པར་སྐུལ་མ་གཏོང་དགོས་པ་ཡིན།
འདི་དག་ནི་བཙན་བྱོལ་ནང་གི་བོད་ཕྲུག་སྤྱིའི་ཨིན་ཇིའི་གནས་ཚད་བཤད་པ་ལས་ཁ་ཤས་ནི་གནས་ཚད་ཅུང་མཐོ་བོ་ཡོད་ཀྱང་དེའི་གྲངས་ཀ་ནི་མཛུབ་མོ་ལྔ་ཡི་ནང་རྩི་ཆོག་པ་ཞིག་ལས་མེད་པ་འདི་ང་ཚོས་ངེས་པར་དུ་ཤེས་དགོས། དེས་ན། སློབ་ཚན་ཚང་མ་ཨིན་ཇིའི་ནང་ཡོད་པས་བོད་ཡིག་སྐྱོ་བོ་དང་དགའ་ཞེན་མེད་པར་གྱུར་པ་འདི་བདེན་དུ་ཆུག་ཀྱང་། འོ་ན་ཨིན་ཇི་སྐྱོ་བོར་གྱུར་པ་འདི་ཅི་ཞིག་གིས་ལན་པ་རེད། ཨིན་ཇིའི་ཟ་སྐད་འཐུང་སྐད་ཀྱང་མི་ཤེས་པ་དེ་གང་ཞིག་ནས་ནོར་སོང་བ་རེད། ཨིན་ཇིའི་རྩོམ་པ་པོ་རེ་གཉིས་ལས་མེད་པ་འདི་ཅི་ཞིག་འཆུག་སོང་བ་རེད། ཨིན་ཇིའི་སྙན་ཞུ་ཚད་ལྡན་འབྲི་ཤེས་མཁན་ཡང་དཀོན་པོ་ཡིན་པ་འདི་སུ་ཞིག་གིས་བཟོས་པ་རེད། འདིའི་ཐད་སྤྱི་སྒེར་ཚང་མས་དགོངས་པ་ཟབ་བཞེས་དགོས་པ་ལས་སྣང་བ་སྣང་མེད་དུ་འཇོག་ན་ནམ་ཞིག་བཙན་བྱོལ་ནང་གི་བོད་ཕྲུག་ཚོས་བོད་ཡིག་མི་ཤེས་ལ་ཨིན་ཇི་ཡང་མི་ཤེས། བོད་སྐད་ཀྱང་མི་ཤེས། ཨིན་སྐད་ཀྱང་མི་ཤེས་མཁན་གྱི་མི་རིགས་ཁྱད་མཚར་ཞིག་ཏུ་འགྱུར་ཉེན་ཤིན་ཏུ་ཆེ་བར་སྙམ། འདི་དག་ནི་གཞན་ཞིག་གི་སྐྱོན་གཏན་ནས་མིན་པར་ང་ཚོའི་སྐྱོན་ཡིན་པས་ང་ཚོས་ཤེས་དགོས་ལ། ང་ཚོས་སྐྱོན་དེ་རྣམས་སེལ་ནས་ང་ཚོས་འགྱུར་བ་དང་ཡར་རྒྱས་གཏོང་དགོས། མདོར་ན་ང་ཚོ་ལ་སྐད་ཡིག་དང་པོ་མེད་མཁན་ཞིག་ཏུ་འགྱུར་རྒྱུའི་ཉེན་འཚབ་ཤིན་ཏུ་ཆེ་བས་ཉེན་ཁ་འདི་ལས་སྐྱོབ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་འདུག་སྙམ། ༢༠༡༥།༢།༢༦ཉིན་གྱི་ཞོགས་པར།