བཙན་བྱོལ་བོད་མི་དང་འབྲེལ་བའི་སྒྲུང་ཐུང་ཕྱོགས་སྒྲིག

རྒྱ་གར་བུད་མེད་གཅིག་གིས་བཙན་བྱོལ་བོད་མི་ཚོས་རང་ཡུལ་བཞག་ནས་བཙན་བྱོལ་དུ་འཚོ་བ་སྐྱེལ་བའི་ལོ་རྒྱུས་ལ་ཉམས་ཞིབ་ཀྱིས། བོད་མི་རྣམས་ཀྱིས་རང་ཡུལ་དྲན་པའི་གདུང་བ་དང་གཞན་ཡུལ་དུ་འཚོ་བ་སྐྱེལ་བའི་དཀའ་ངལ་སོགས་དང་འབྲེལ་ནས། སྒྲུང་ཐུང་ཕྱོགས་སྒྲིག་དེབ་གཅིག་པར་སྐྲུན་བྱས་འདུག 

རྒྱ་གར་བུད་མེད་གཅིག་གིས་བཙན་བྱོལ་བོད་མི་ཚོས་རང་ཡུལ་བཞག་ནས་བཙན་བྱོལ་དུ་འཚོ་བ་སྐྱེལ་བའི་ལོ་རྒྱུས་ལ་ཉམས་ཞིབ་ཀྱིས། བོད་མི་རྣམས་ཀྱིས་རང་ཡུལ་དྲན་པའི་གདུང་བ་དང་གཞན་ཡུལ་དུ་འཚོ་བ་སྐྱེལ་བའི་དཀའ་ངལ་སོགས་དང་འབྲེལ་ནས། སྒྲུང་ཐུང་ཕྱོགས་སྒྲིག་དེབ་གཅིག་པར་སྐྲུན་བྱས་འདུག 

ཟླ་༧ པའི་ཚེས་༢༥ ཉིན་གསར་འགོད་པ་དང་རྩོམ་པ་པོ་ལྕམ་མཱ་རྡུ་གྷུ་རུང་(Madhu Gurung) གིས་བྲིས་པའི་སྒྲུང་ཐུང་ཕྱོགས་སྒྲིག་བྱས་པའི་དེབ་ངའི་མིག་བཙུམས་སྐབས་སུ་མཐོང་བའི་བོད་(Tibet with my eyes closed) ཅེས་པ་དེ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་འདུག་པ་དང་། དེབ་དེའི་ནང་སྒྲུང་ཐུང་༡༡ ཡོད་འདུག 

དེ་ཡང་རྩོམ་པ་པོས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་མི་མང་པོ་ཞིག་རྒྱ་གར་དུ་བཙན་བྱོལ་ལ་སླེབས་ནས་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་། ཡང་ནས་ཡང་དུ་རང་ཡུལ་དྲན་པ་དང་ཕྱིར་ལོག་བྱེད་རྒྱུའི་འདུན་པ་སྐྱེ་ཡི་ཡོད། སེམས་སྐྱོ་བ་ཞིག་ལ་བཙན་བྱོལ་བོད་མི་རྣམས་ཀྱི་དྲན་པའི་ཡུལ་དུ་རང་བཙན་ཡིན་པའི་སྐབས་ཀྱི་བོད་མ་གཏོགས་དྲན་ཐུབ་ཀྱི་མེད་པས། སེམས་ཚོར་དེ་ལ་བརྟེན་ནས་དེབ་འདི་འབྲི་རྒྱུར་སེམས་འགུལ་ཐེབས་ཡོད་པ་དང་། བོད་མི་མང་པོ་ཞིག་གིས་མིག་བཙུམས་ནས་བསམ་བློ་གཏོང་དུས་མ་གཏོགས་བོད་མཐོང་ཐུབ་ཀྱི་མེད་པ་ཆགས་ཡོད་སྐོར་བརྗོད་འདུག 

དབུ་འབྱེད་མཛད་སྒོར་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ཕེབས་ནས། བོད་དང་རྒྱ་གར་གྱི་ལོ་རྒྱུས་སྐོར་བཤད་འདུག་པ་དང་། དེབ་འདི་བཀླགས་རྗེས་སེམས་ཐག་ཉེ་པོ་ཚོར་ཡོད་པ་དང་། ཀློག་པ་པོ་རྣམས་ཀྱིས་དེབ་འདི་བརྒྱུད་ནས་བོད་མི་རྣམས་ཀྱི་བསམ་བློ་དང་ཚོར་བ་རྟོགས་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག 

རྩོམ་པ་པོ་ཁོང་གིས་དེ་སྔོན་གསར་འགོད་པའི་ལས་ཀ་བྱེད་མྱོང་ཡོད་པ་དང་། བཙན་བྱོལ་བོད་མི་དང་འབྲེལ་བའི་གསར་འགྱུར་རྩོམ་ཡིག་གཅིག་བྲིས་ཡོད་འདུག སྐབས་དེར་བོད་མི་མང་པོ་ཞིག་ལ་བཅར་འདྲི་བྱས་པ་དེ་དག་གི་སྐབས་སུ་བོད་མི་རྣམས་ཀྱི་ལོ་རྒྱུས་ཁག་ཅིག་མོའི་སེམས་སུ་ཡང་ནས་ཡང་དུ་དྲན་གྱི་ཡོད་པས། དེབ་འདི་བྲིས་པ་ཡིན་སྐོར་དང་། བོད་མི་རྣམས་དང་ཐུག་ནས་སྐད་ཆ་བཤད་སྐབས། ཚང་མའི་སེམས་སུ་རང་ཡུལ་ལ་ཕྱིར་ལོག་རྒྱུའི་འདུན་པ་གཅིག་མཚུངས་ཡོད་པའི་ཚོར་སྣང་བྱུང་། དེ་ཡང་རང་ཡུལ་ཤོར་ནས་མི་ཡུལ་དུ་མི་ཚེ་གསར་པ་འགོ་འཛུགས་བྱེད་པའི་གདུང་བས་སེམས་ལ་རྨ་བཟོས་ཡོད་པ་དང་། དུས་དང་བསྟུན་ནས་རྨ་དེ་དག་དྲག་བསྐྱེད་ཕྱིན་ཡོད་ཀྱང་། རྨ་ཁ་ལྷག་གི་ཡོད་པ་དང་། རང་ཡུལ་ཏོག་ཙམ་དྲན་སྐབས་རྨ་ཁ་ནས་ཁྲག་ཐོན་ནས་དེ་འགོག་ཐབས་མེད་སྐོར་བརྗོད་འདུག 

ཁོང་གིས་བརྗོད་དོན་ལ་མི་ལ་བཅར་འདྲི་བྱེད་སྐབས། ལན་དུ་མི་ཚེའི་ལོ་རྒྱུས་ཚིག་གྲུབ་ཁ་ཤས་ཐོག་ལ་བཤད་ཀྱི་ཡོད་པས། དེ་ནི་རིའི་རྩེ་མོ་ལས་རི་ཆ་ཚང་མ་མཐོང་བ་དང་མཚུངས་པས། དེབ་འདི་འབྲི་ཆེད་དུ་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱས་ཡོད་སྐོར་བརྗོད་འདུག 

དེ་ཡང་དེབ་འདིའི་ནང་ཕྲུ་གུ་ཞིག་བཙན་བྱོལ་དུ་ཡོང་ནས། རྗེས་སུ་བོད་ལ་ཕྱིར་ལོག་བྱེད་སྐབས་རང་ཡུལ་ངོ་མི་ཤེས་པ་ཆགས་ཡོད་པའི་སྒྲུང་དང་། དེ་བཞིན་བསྟན་འཛིན་མཱ་རི་ཀོ་དང་འབྲེལ་བའི་སྒྲུང་། ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་དང་འབྲེལ་བའི་སྒྲུང་སོགས་ཡོད་འདུག 

དེབ་འདི་ལ་རྒྱ་གར་གྱི་རྩོམ་པ་པོ་དང་དབུས་གྲོས་ཚོགས་འཐུས་མི་ཤཱ་ཤི་ཐ་རུ་ཡིས། དེའི་ནང་མིག་ཏུ་ཁྲ་ལམ་མེར་དང་ཚོར་སྣང་ཆེན་པོ་བསྐྲུན་ཐུབ་པའི་སྒྲུང་ལྡན་ཡོད་པ་དང་། ངོ་བོ་དང་བདག་པའི་གནད་དོན་སྐོར་གླེང་ནས། དྲན་པའི་ཡུལ་ནས་བརླག་ཉེན་ཡོད་པའི་མི་རིགས་ཤིག་དང་མངའ་ཁུལ་ཞིག་གི་ཁྱད་དུ་འཕགས་པའི་སྙིང་སྟོབས་དང་། རེ་བ། ན་ཟུག་གི་མྱོང་ཚོར་སྦྱིན་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།