བཙན་བྱོལ་བོད་མིིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་གྲོལ།
བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ལུ་དྷི་ཡ་ནར་འཚོགས་འདུག་པ་དང་། དུས་ཡུན་ཉིན་གྲངས་གསུམ་རིང་གྲོས་གཞི་དོན་ཚན་ལྔའི་ཐོག་བགྲོ་གླེང་གནང་ཡོད་འདུག
ཕྱི་ཟླ་༨ ཚེས་ ༨ ཉིན་གྱི་སྔ་དྲོར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་རྒྱ་གར་པན་ཇཱབ་མངའ་སྡེའི་ལུ་དྷི་ཡ་ནར་དབུ་འཛུགས་གནང་བ་དང་། ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཕེབས་གནང་ཡོད་འདུག་ལ། གཞན་ཡང་ཧིན་བོད་བལ་གོས་ཚོང་ལས་ཀྱི་ཚོགས་གཙོ། ལྡི་ལི་འཇབ་ར་བྷ་ཏིའི་ལཱ་ལཱ་ཚོགས་པའི་ཚོགས་གཙོ། བོད་པའི་ལཱ་ལཱ་ཚོགས་པའི་ཚོགས་གཙོ། དེ་བཞིན་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གྱིས་གཙོས་ཚོགས་མི་རྣམ་པ་བཅས་ཆེད་ཕེབས་གནང་ཡོད་འདུག་ལ། ས་གནས་ཁག་གཞན་ནས་ལས་ཐོག་འཐུས་མི་དང་འབྲེལ་ཡོད་བཅས་མི་༢༣༨ མཉམ་ཞུགས་གནང་ཡོད་འདུག སྐབས་དེར་གོང་གསལ་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པས་བོད་མིའི་ཉམས་ཆུང་དང་གཤིས་ཀ་བཟང་པོ་ཡོད་པའི་སྐོར་སོགས་དང་། བོད་པའི་ཚོང་པ་རྣམས་ལ་སྔོན་ཆད་རོགས་སྐྱོར་བྱས་ཚུལ་དང་། མ་འོངས་པར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་སོགས་ཀྱི་སྐོར་གསུང་བཤད་གནང་འདུག
དེ་བཞིན་སྲིད་སྐྱོང་ནས་རྒྱ་གར་གྱི་ཚོང་པ་ཚོགས་པ་ཁག་གིས་བོད་མིའི་ཚོང་པ་རྣམས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་སྦྲགས། འཕགས་བོད་ཀྱི་འབྲེལ་བ་དང་བོད་རྒྱ་ཐ་དད། དེ་སྔོན་བཙན་བྱོལ་བོད་མིས་དཀའ་སྡུག་མྱོང་ཚུལ་དང་། ད་ལྟ་༧གོང་ས་མཆོག་དང་བོད་མིའི་མི་རབས་རྒན་པའི་ཐུགས་རྗེ་བཀའ་དྲིན། ལྷག་ཏུ་རྒྱ་གར་གཞུང་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་བོད་མི་ཚགས་ཚུད་པོ་ཆགས་ཡོད་པའི་སྐོར་སོགས་གསུང་བཤད་གནང་འདུག་ལ། ཚོང་པ་རྣམས་ཀྱིས་ས་ཁུལ་གང་དུ་ཡིན་རུང་ཡུལ་ཁྲིམས་འཁུར་རྒྱུ་དང་འོས་འདེམས་བྱུང་བའི་ཚོགས་མི་རྣམ་པར་རྒྱབ་སྐྱོར་དང་ནུས་པ་མཉམ་སྤུངས་བྱེད་དགོས་པ་གལ་ཆེ་ཚུལ་སོགས་གསུངས་འདུག
ཚོགས་ཆེན་འདི་བཞིན་ཕྱི་ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་འཚོགས་ཡོད་པ་དང་། དེའི་རིང་གྲོས་གཞི་དོན་ཚན་ལྔའི་ཐོག་བགྲོ་གླེང་གནང་ཞིང་དང་། ཉིན་མཐའ་མའི་ཕྱི་དྲོར་སྐབས་དྲུག་པའི་དབུས་རྒྱུན་ལས་གསར་འདེམས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བཅས་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལ་བཟང་།