བཙན་འབྱོལ་བོད་མིའི་མང་གཙོ་དུས་ཆེན་ཐེངས་༦༡སྲུང་བརྩི་དེ་རོ་ཐོག་རྟ་རྒྱུགས་ལྟ་བུ་ཆགས་ཡོད།
དེ་རིང་ནི་བཙན་འབྱོལ་བོད་མིའི་མང་གཙོ་དུས་ཆེན་ཐེངས་དྲུག་ཅུ་རེ་གཅིག་པ་དེ་ཆགས་ཡོད། འཆར་ཅན་ལྟར་ན་མང་གཙོའི་དུས་ཆེན་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་པའི་ལས་ཀྱི་སྣེ་མོ་བ་ཚང་འཛོམས་ཐོག་དགའ་སྤོབས་ངང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོའི་གསར་གཞད་བླངས་ཤིང་།
སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ།
དེ་རིང་ནི་བཙན་འབྱོལ་བོད་མིའི་མང་གཙོ་དུས་ཆེན་ཐེངས་དྲུག་ཅུ་རེ་གཅིག་པ་དེ་ཆགས་ཡོད། འཆར་ཅན་ལྟར་ན་མང་གཙོའི་དུས་ཆེན་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་པའི་ལས་ཀྱི་སྣེ་མོ་བ་ཚང་འཛོམས་ཐོག་དགའ་སྤོབས་ངང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོའི་གསར་གཞད་བླངས་ཤིང་། བོད་ཀྱི་ཟློས་གར་ཚོགས་པ་ནས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་གཞས་སྣ་འཁྲབ་སྟོན་བྱེད་རྒྱུ་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་ཡོངས་ལ་དེང་དུས་ཀྱི་འགྲོས་དང་མཐུན་པའི་མང་གཙོའི་ལམ་སྲོལ་བཟང་པོ་ཞིག་གསར་བཏོད་དང་བསོལ་རས་བསྩལ་པའི་བཀའ་དྲིན་ལ་རྗེས་དྲན་བྱེད་རྒྱུ་སོགས་ཀྱིས་མཚོན་པའི་མཛད་རིམ་ཁག་མང་པོ་ཞིག་ཡོད། འོན་ཀྱང་། ད་ལོའི་མང་གཙོ་དུས་ཆེན་ནི་མི་ལོ་དྲུག་ཅུ་ཙམ་གྱི་རིང་ལ་བྱུང་མྱོང་མེད་པའི་ཆག་སྒོ་སྟེ་མང་གཙོའི་ཀ་བ་གསུམ་པོ་སར་འགྱེལ་ནས་རོ་ཐོག་རྟ་རྒྱུགས་ཀྱི་དཔེ་ཇི་བཞིན་དུ་སྲུང་བརྩི་བྱས་སོང་། དེ་ལས་ཀྱང་འཇིགས་ཡེར་བ་ཞིག་ནི་འབྲེལ་ཡོད་འདེམས་ཐོན་སྲིད་སྐྱོང་ནས་གནས་ཚུལ་ཅི་ཡང་མ་བྱུང་པའི་ངང་ཚུལ་ཐོག་ནས་མང་གཙོའི་གལ་ཆེ་རང་བཞིན་གླེང་བཞིན་རྩ་དོན་ལ་སེམས་ཁུར་ཡོད་མདོག་བསྟོན་པ་དེ་རེད།
ང་ཚོས་སྡིག་པ་མིག་བཙུམས་ཀྱིས་དངོས་ཡོད་གནས་ཚུལ་ལ་གཡོལ་ཐབས་ཇི་ཙམ་བྱས་རུང་། ད་ལྟའི་ཆར་བཙན་འབྱོལ་བོད་མིའི་མང་གཙོ་ཀ་བ་གསུམ་པོ་ཡོངས་སུ་རྫོགས་པ་དེ་སྦོ་རླུགས་ཟིན་པའི་གནས་སྟངས་དེ་དངོས་ཡོད་གནས་ཚུལ་ཡིན་ལ། དཔེར་ན། འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མགོ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གིས་སྐབས་༡༧ པའི་གྲོས་ཚོགས་ཀྱི་བྱ་རིམ་ཁག་ལ་སྔ་གཞུག་ཏུ་སྒེར་གཅོད་པའི་ཚུལ་གྱིས་འགོག་རྐྱེན་སྣ་ཚོགས་བཟོས་ཏེ་ཚོགས་གཙོ་ཚོགས་གཞོན་གྱི་འོས་འདེམས་བྱས་མ་ཐུབ་པའི་ས་མཚམས་སུ་བསྐྱལ་ཡོད་ཅིང་། དེ་ལ་བརྟེན་ནས་ཁྲིམས་བཟོ་དང་འཛིན་སྐྱོང་སྟངས་འཛིན་བྱེད་མཁན་དུ་གྱུར་པའི་སྤྱི་འཐུས་ལྷན་ཚོགས་སྦོ་རླུགས་ཟིན་པའི་གནས་སྟངས་ཆགས་ཡོད་ལ། རྒྱ་ནག་གི་གནས་སྟངས་དང་རྒྱལ་སྤྱིའི་འགྱུར་འགྲོས་ལ་བསྟུན་པའི་གྲོས་ཚོགས་ཀྱི་ལས་དོན་ཁག་དང་གོ་སྐབས་རྩ་ཆེན་ཡོངས་རྫོགས་ཀྱང་ཤོར་ཟིན་ཡོད།
དེ་བཞིན་སྤྱི་འཐུས་སྐབས་༡༦ པའི་ཚོགས་དུས་༡༠ པའི་ཐོག་འཐུས་མི་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་༤ པ་གཞིར་བཞག་བྱས་ནས་ཁྲིམས་ཞིབ་པ་རྣམས་ཕྱི་འབུད་བཏང་བ་ལྟར་བཟང་སྤྱོད་ཀྱི་ཐོག་ནས་ལས་གནས་ནས་ཐོན་ཡོད་ཀྱང་། དུས་ཡུན་ཟླ་བ་གཉིས་ཙམ་ལས་མ་འགོར་པར་“མི་ཁོག་གདོན་ཞུགས་”ཀྱི་དཔེ་ཇི་བཞིན། བཅའ་ཁྲིམས་དང་མང་གཙོའི་འགྲོ་སྟངས་གཅིག་ཀྱང་མ་བརྒྱུད་པར་ཁྲིམས་ཞིབ་ཁང་དུ་ཇག་པའི་ཚུལ་གྱིས་ཧམ་འཛུལ་བྱས་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་ད་ལྟའི་ཆར་སྦོ་རླུགས་ཟིན་པའི་གནས་སྟངས་ཤིག་ཆགས་ཡོད། དེ་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐོག་འདེམས་ཐོན་སྲིད་སྐྱོང་དང་འདེམས་ཐོན་སྤྱི་འཐུས། དེ་བཞིན་བཀའ་བློན་རྣམ་པས་བཅའ་ཁྲིམས་དོན་ཚན་༤༧ ཀྱི་དགོངས་དོན་ལྟར་དམ་འབུལ་བྱ་ཡུལ་གཏན་ནས་མེད་པ་གྱུར་ཡོད།
གཞན་ཡང་འཛིན་སྐྱོང་བཀའ་ཤག་ལ་མཚོན་ན། ད་ལྟའི་ཆར་སྲིད་སྐྱོང་དམ་འབུལ་དེ་ཁྲིམས་མཐུན་ཡིན་མིན་གླེང་གཞི་ཞིག་ཡིན་པའི་ཁར་། བཀའ་བློན་རྣམས་ཀྱང་བསྐོ་གཞག་གནང་མ་ཐུབ་ནས་ཁ་རྩང་དེ་རིང་ཆེས་ཆེར་རྒྱུ་བཞིན་པའི་མི་གཅིག་དབང་འཛིན་ཞེས་པའི་དུས་ཚིགས་ཤིག་ཏུ་གྱུར་ཡོད། འོན་ཀྱང་། སྐུ་ངོ་སྤེན་པ་ཚེ་རིང་གིས་སྔ་རྗེས་ཐེངས་གཉིས་ཙམ་ལ་བཀའ་བློན་རྣམ་པ་མེད་ཀྱང་འཛིན་སྐྱོང་གི་ལས་དོན་རྣམས་འཐུས་ཤོར་མེད་པའི་ཐོག་ནས་གནང་གི་ཡོད་ཟེར་ནས། མི་གཅིག་དབང་འཛིན་གྱི་གནས་བབ་དེ་ཐབས་བརྒྱ་ཇུས་སྟོང་གིས་འགེབ་སྲུང་བྱེད་ཐབས་བྱས་རུང་། “རི་ལུག་པ་ཐག་པས་མི་ཐུམ། །གྱང་འགྱེལ་བ་ཡོག་ཤིང་གིས་མི་བསྲོང་།”ཟེར་སྲོལ་ཡོད་པ་ལྟར་དོན་དངོས་སུ་འཛིན་སྐྱོང་བཀའ་ཤག་ཀྱང་སྦོ་རླུགས་ཏེ། ད་ལྟའི་ཆར་མང་གཙོ་ཀ་བ་གསུམ་པོ་ཡོངས་སུ་རྫོགས་པ་དེ་སྦོ་རླུགས་ནས་ཡ་ང་བའི་གནས་སྟངས་སུ་ཆགས་ཡོད།
འདིར་སྐུ་ངོ་སྤེན་པ་ཚེ་རིང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་ནས་ཅུང་ཟད་བརྗོད་ན། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་སྒྲིག་གཞི་ཁག་གི་དོན་ཚན་༨པ་ནང་གསེས་༢པའི་ནང་འཁོད་དོན་དུ། “བཀའ་ཤག་གི་འགན་ཁུར་ནི་སྲིད་སྐྱོང་དང་། བཀའ་བློན་རྣམས་མཉམ་འདུས་ཀྱི་འགན་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་རྣམས་སྲིད་སྐྱོང་དང་བཀའ་བློན་རྣམས་སྤྱི་མོས་དང་མང་མོས་ཀྱིས་གྲོས་དོན་ཐག་གཅོད་བྱེད་དགོས་པ་ལས་སྲིད་སྐྱོང་ངམ་བཀའ་བློན་བྱེ་བྲག་པ་ཞིག་གིས་ཐག་གཅོད་མི་ཆོག”ཅེས། མི་གཅིག་དབང་འཛིན་གྱི་ཕྱག་ལས་གནང་མི་ཆོག་པ་ཁ་གསལ་གཏིང་གསལ་དུ་འཁོད་ཡོད་པ་མ་ཟད་མཉམ་འདུས་ཀྱི་འགན་ཡིན་པའང་ནན་བརྗོད་བྱས་ཡོད་རུང་། ཁོ་རང་གིས་དེ་ལས་ལྡོག་སྟེ་ཁྲིམས་འགལ་ཉིས་བརྩེགས་སུམ་བརྩེགས་མང་དག་ཅིག་བཟོ་བཞིན་ཡོད།
དཔེར་ར། ད་ཡོད་ལྷན་ཁང་ཁག་གི་སྲི་ཞུ་ལས་བྱེད་པའི་ཁྲོད་“མདོ་སྟོད་ཡིན་ན་ལག་པ་ཁྱོགས”ཟེར་བས་མཚོན་པའི་དབྱེ་འབྱེད་ཀྱིས་གཙང་སེལ་བྱས་པ་དང་། དེ་བཞིན་ཚོགས་མི་བཅུ་དྲུག་གིས་གྲུབ་པའི་“བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་”རྩ་མེད་བཏང་སྟེ། དེའི་ཚབ་ཏུ་སོ་སོའི་མི་འགྲོ་བསྐོ་བཞག་བྱས་ཏེ་མིང་དུ་“ཐབས་ཇུས་འཆར་འགོད་ཚོགས་ཆུང་”ཟེར་བ་ཞིག་ཏུ་བསྒྱུར། དེ་ནི་མིང་བརྗེ་སྒྱུར་བྱས་པ་ཙམ་ལས་དོན་དུ་སྔར་གྱི་ཚོགས་མི་རྣམས་ཕྱི་འབུད་དང་སོ་སོའི་མི་འགྲོ་ལ་རྐུབ་ཀྱག་སྤྲོད་བདེ་བའི་ཆེད་དུ་ཡིན་པ་གསལ་པོ་རེད། དེ་བས་སྐུ་ངོ་སྤེན་པ་ཚེ་རིང་གི་རང་སྣང་གང་ཤར་གྱི་བྱེད་བབ་དེས་བོད་མིའི་དབར་གྱི་མཐུན་སྒྲིལ་ལ་གས་ཆག་དང་དོ་ཕོག་བཏང་དང་གཏོང་བཞིན་ཡོད།
གཞན་ཡང་སྲིད་སྐྱོང་དམ་འབུལ་ཁྲིམས་མཐུན་ཡིན་མིན་དང་འབྲེལ་བའི་ཐད་ལ་མང་ཚོགས་ཁྲོད་དུ་གླེང་སློང་གང་མཚམས་ཤིག་ཡོང་གི་ཡོད་པ་ཚང་མས་མཁྱེན་ཆུབ་ལྟར་རེད། ཐ་ན་ལས་ཀྱི་སྣེ་མོ་བ་ཡིན་མཁན་དཔེར་ན་ལ་དྭགས་ཁུལ་གྱི་ས་གནས་འགོ་འཛིན་ཞིག་གིས་ཉེ་ལམ་སྐུ་ངོ་སྤེན་པ་ཚེ་རིང་ལགས་ལ་ཞལ་གསང་པོའི་ཐོག་ནས་“འདེབས་ཐོན་སྲིད་སྐྱོང་”ཞེས་བོས་ཡོད་པ་དང་། དེ་ལ་བརྟེན་ནས་སྐུ་ངོ་ལགས་ཀྱིས་གལ་ཏེ་ས་གནས་འགོ་འཛིན་ཁག་གིས་སྤྱོད་པ་བསློགས་པ་ཡིན་ན་བོད་མིའི་སྒྲིག་འཛུགས་ནས་“ནང་སྲིད་”དང་“ཤེས་རིག་”དང་“འཕྲོད་བསྟེན་”སོགས་ཚང་མ་བཀག་ན་ག་རེ་བྱེད་ཀྱི་ཡིན་ཞེས་སྡིགས་ར་བསྐུལ་ཏེ། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྣམ་ཀུན་གསུང་བཞིན་པའི་བོད་མིའི་ཡ་རབས་བཟང་སྤྱོད་ཞེས་པ་དེ་དང་འགལ་བ་ལྟག་སྤྲོད་ཕྱིན་པའི་འཇིགས་སྐུལ་རིང་ལུགས་པའི་རང་མདོག་ཀྱང་བསྟན་ཡོད།
ཡང་སྐུ་ངོ་སྤེན་པ་ཚེ་རིང་གིས་ཉེ་ལམ་ས་རཱ་མཐོ་སློབ་ཏུ་སློབ་གསོ་དང་འབྲེལ་བའི་ཐད་ལ་བཀའ་མོལ་ཞིག་གནང་པར། “སློབ་ཕྲུག་གི་ཐོད་པའི་སྒང་ལ་བལྟས་ནས། གལ་ཏེ་སློབ་ཕྲུག་དེས་མ་འོངས་པར་སྤྱོད་པ་སློག་མཁན་ཞིག་ཆགས་ས་རེད་བསམས་པ་བྱུང་ན། ཆུང་དུས་ནས་སློབ་གསོ་མ་སྤྲད་ན་ཡག་ཤོས་རེད།”ཟེར་འདུག སྤྱིར་སློབ་གསོའི་གོ་དོན་དང་སྒྲ་བཤད་སོགས་ཀྱི་ཐད་ལ་ཞིབ་ཕྲ་ཕྱིན་ན་འགྲེལ་བཤད་མི་འདྲ་བ་མང་པོ་ཞིག་ཡོད་རུང་། ཀུན་གྱིས་ཞེ་གཅིག་ཏུ་བཞེད་པའི་སློབ་གསོ་ཞེས་པ་ནི་གང་ཟག་ཅིག་རྨོངས་པ་ནས་གྲོལ་བར་མཐུན་འགྱུར་དང་རོགས་རམ་བྱེད་པར་ངོས་འཛིན་བྱེད་ཆོག་སྙམ། ཡིན་ནའང་སྐབས་འདིར་སྤྱི་པའི་མགོ་ཁྲིད་ཡིན་པར་སྙད་མཁན་གྱི་སྤེན་པ་ཚེ་རིང་གི་སློབ་གསོ་ནི་ཆེས་མུན་ནག་དང་སྡུག་རྩུབ་ཅན་གྱི་སློབ་གསོ་ཞིག་ཡིན་པ་ཁོ་རང་རང་གིས་ར་སྤྲོད་གསལ་པོ་བྱས་སོང་བས། དེ་ལྟ་བུའི་མགོ་ཁྲིད་ཅིག་གིས་ང་ཚོ་བོད་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་གང་ལ་སྒྱུར་གྱི་ཡོད་དམ། ཉམས་ཆུང་བཙན་བྱོལ་བོད་མི་རྣམས་ཚོང་རྫས་ལ་ཇི་ལྟར་སྤྱོད་ཀྱི་ཡོད་དམ་སྙམ་ནས་ཉིན་དེ་ནས་བཟུང་བློ་འཚབ་འཕར་མ་ཞིག་ངང་གིས་སྐྱེས་བཅུག་སོང་ལ། ད་དུང་དེའི་རྒྱུབ་ཏུ་ཁུ་སིམ་མེར་ཡིབ་ནས་བསྡད་ཡོད་མཁན་ཚོས་རྫབ་ཆེན་གྱི་བཀའ་མོལ་དེ་དང་འབྲེལ་ནས་བདེན་དོན་གྱི་ཆེད་དུ་ཁ་ཞིག་ཀྱང་གྲག་རོགས་མ་བྱས་པ་ནི་དངོས་གནས་ཕངས་པ་ལ་ཨང་སྙམ་པའང་བྱུང་།
གོང་འཁོད་གནད་དོན་རྣམས་ནི་“སྨྱོན་པའི་ལག་ཏུ་རལ་གྲི་བཞག་པ་”ལྟར། མི་གཅིག་དབང་འཛིན་ལ་སྟངས་འཛིན་བྱེད་མཁན་མེད་པ་ལ་བརྟེན་ནས་ཡོང་གི་ཡོད། རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་བཅའ་ཁྲིམས་བཟོ་མཁན་ནི་གང་ཟག་ཡིན་ལ། དེ་བཞིན་བཅའ་ཁྲིམས་བཟོས་ཟིན་མཚམས་གང་ཟག་བཅའ་ཁྲིམས་ཀྱི་འོག་ཏུ་གནས་དགོས་པ་ཡང་ཆོས་ཉིད་དུ་གྱུར་ཡོད། གལ་ཏེ་གང་ཟག་བཅའ་ཁྲིམས་ཀྱི་སྒང་ལ་འབུད་པའི་དུས་སྐབས་ཤིག་ཤར་ཚེས། དུས་དེ་ནས་བཟུང་བཅའ་ཁྲིམས་བཟོ་རྒྱུའི་དགོས་པ་ཡོངས་རྫོགས་འབྲེལ་མེད་དོན་གཞན་དུ་གྱུར་ཟིན་པ་ཡིན་ལ། དུས་དེ་ནས་བཟུང་ཁྲིམས་ཀྱིས་དབང་སྒྱུར་མ་ཡིན་པར་གང་ཟག་བྱེ་བྲག་པས་དབང་སྒྱུར་བྱེད་པའི་སྒེར་གཅོད་ལམ་ལུགས་ཤིག་ལ་གྱུར་པ་རེད། དུས་དེ་ནས་བཟུང་ཡུལ་དུས་གནས་བབས་དང་མཐུན་པའི་མང་གཙོ་ལམ་ལུགས་ཀྱི་རིན་ཐང་ལའང་རྩིས་མེད་རྡོག་རྫིས་བཏང་བ་ཞིག་ཆགས་ཡོད།
༧སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ན་གཞོན་དུས་ནས་སྤྱི་ཚོགས་ལེགས་བཅོས་ཀྱི་ཐུགས་དགོངས་མངའ་བ་ལྟར། བཙན་འབྱོལ་དུ་བྱོན་ཏེ་མི་ལོ་དྲུག་ཅུ་ཙམ་གྱི་རིང་ལ་སྐུ་ངལ་ཚད་མེད་བསྐྱོན་པའི་རླབས་ཆེན་གྱི་མཛད་བཟང་ལ་བརྟེན་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་སྒོས་སུ་རྒྱ་ནག་དམར་པོ་གཞུང་ལ་ངོམ་རིན་ཆོད་པའི་དེང་དུས་ཀྱི་འགྲོས་དང་མཐུན་པའི་མང་གཙོའི་ལམ་སྲོལ་བཟང་པོ་ཞིག་གསར་བཏོད་དང་བསོལ་རས་བསྩལ་ཡོད། མཛད་རྗེས་དེ་ནི་ཚེགས་དང་དུས་སོགས་གང་ཅིའི་ཐད་ནས་མནོ་བསམ་ཇི་ཙམ་བཏང་རུང་༧མགོན་པོ་གང་གི་སྐུ་ཚེའི་མཛད་པ་ཆ་ཤས་གང་མཚམས་ཤིག་ཆགས་ཡོད་གཤིས། བཙན་འབྱོལ་སྒྲིག་འཛུགས་ཀྱི་ད་ལྟའི་ལས་ཀྱི་སྣེ་མོ་བ་རྣམས་ལ་མཚོན་ན་གང་དེ་སྲུང་སྐྱོབ་བྱེད་མ་བཏུབ་རུང་། དམའ་མཐར་གཏོར་བཤིག་མི་གཏོང་རྒྱུའི་རྩ་དོན་ཡིད་ལ་འཆང་དགོས་རྒྱུ་ནི་ལྡོག་ཏུ་མེད་པའི་འགན་འཁྲི་ཞིག་ཏུ་མཐོང་།
འོན་ཀྱང་། ཡ་ང་བའི་གནས་སྟངས་ཤིག་ལ་བཙན་འབྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་གཟི་བརྗིད་ཀྱི་ངང་ནས་ཀྲོང་ངེར་སྒྲེང་བྱེད་ཀྱི་ཀ་ཆེན་གསུམ་སྟེ་ཁྲིམས་ཞིབ་ཁང་། བཀའ་ཤག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསུམ་པོ་དེ་ད་ལྟའི་ཆར་ཡོངས་སུ་རྫོགས་པ་སྦོ་རླུགས་ཟིན་པ་དང་། དེ་རིང་སྟེ་སྤྱི་ཟླ་༠༩ ཚེས་༠༢ ཉིན་མི་ལོ་དྲུག་ཅུ་ཙམ་གྱི་རིང་ལ་བྱུང་མྱོང་མེད་པའི་མུན་ནག་གི་མང་གཙོ་དུས་ཆེན་ཞིག་སྲུང་བརྩི་བྱས་དགོས་བྱུང་ཡོད། དེའི་འགན་ཡོངས་རྫོགས་ནི་ནང་དམེའི་སྟ་རེ་འཕྱར་བཞིན་བཅའ་ཁྲིམས་དང་མང་གཙོ་རྡོག་རོལ་གཏོང་མཁན་དང་། རྒྱ་གཞུང་གིས་རྣམ་ཀུན་སྒྲོག་བཞིན་པའི་བཀས་བཀོད་རྒྱུད་འཛིན་དང་བྲན་གཡོག་ལམ་ལུགས་ཟེར་བ་དེའི་རུ་འདྲེན་པ་རུ་འགྱུར་བཞིན་པའི་འབྲེལ་ཡོད་སྒེར་གཅོད་པ་རྣམས་ལ་ཡོད་པ་ཚང་མས་མཁྱེན་དགོས།
མཚན་འཁོད་རྩོམ་ཡིག་ཁག་འདི་ཀ་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།