བཙན་འཛུལ་བ་དགྲ་བོ་རྒྱ་ནག་ལ་གཏམ་ལན།
ཉེ་ཆར་རྒྱ་ནག་དམར་གཞུང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་ལ། “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་རེད་”ཅེས་བཤད་འདུག
ཚེ་འབར།
ཉེ་ཆར་རྒྱ་ནག་དམར་གཞུང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་ལ། “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་རེད་”ཅེས་བཤད་འདུག
དེའི་ལན་དུ་ཁྱེད་ཚོ་རྒྱ་ནག་དམར་གཞུང་ནི་འཆམ་མཐུན་སྤྱི་ཚོགས་ཀྱི་ཕྱི་གོས་གྱོན་པའི་བོད་པ་རྩ་མེད་བཟོ་མཁན་གྱི་དགྲ་བོ། ཆོས་ལུངས་རྨང་མེད་བཟོ་མཁན་གྱི་ཉེས་ཅན། ཆབ་སྲིད་གཏོར་བརླག་གཏོང་མཁན་གྱི་བཙན་འཛུལ་བ། རྒྱུ་ནོར་འཕྲོག་བཅོམ་བྱེད་མཁན་གྱི་ཇག་ཚོགས་ཡིན་པ་ཤེས་བར་གྱིས། ཕྱི་༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་ལ་ཕེབས་ནས་ཁྱེད་ཚོས་བོད་པ་རྩ་མེད་བཟོ་འདོད་ཀྱི་སྲིད་ཇུས་གདུག་རྩུབ་ཅན་གྱི་སྤྱོད་ངན་དེ་དག འཛམ་གླིང་ཀུན་ལ་ཤེས་སུ་བཅུག་མེད་ན། ད་ལྟ་བོད་པ་ཟེར་ན་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་པ་འཛམ་གླིང་ཀུན་གྱིས་ཤེས་གསལ་རེད། ད་ལྟ་བོད་མི་རིགས་འདིའི་ངོ་བོ་ཏོག་ཙམ་གནས་ཐུབ་ཡོད་པ་དེ་༧ གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པའི་བཀའ་དྲིན་ཉག་གཅིག་ཡིན་པ། བོད་མི་ས་ཡ་དྲུག་གཙོས་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་ཚང་མས་ཤེས་གསལ་རེད། དེ་ཁྱེད་ཚོས་བོད་པ་ཕུང་བ་རེད་ཟེར་ནས་སྐྱག་རྫུན་ཅི་ཙམ་བཤད་ན་བདེན་པ་ནམ་ཡང་འགྱུར་མི་སྲིད་པ་ཤེས་བར་གྱིས།
༧ གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མཆོག་བཙན་བྱོལ་ལ་ཕེབས་ནས་དུས་ད་ལྟའི་བར་དུ། སེ་འབྲས་དགའ་གསུམ་གྱིས་མཚོན་དགོན་སྡེ་ཁག་དང་སློབ་གྲྭ་ཁག་བརྒྱ་ཕྲག་མང་པོ་གསར་འཛུགས་དང་། གྲྭ་བཙུན་སྟོང་ཕྲག་མང་པོ་སྐྱེད་སྲེང་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ས་སྟེང་འདི་རུ་ཕེབས་ནས། ལོ་ངོ་གཉིས་སྟོང་ལྷག་གི་རིང་ལ་ནང་པའི་སྐྱེས་ཆེན་གྲངས་ལས་འདས་པ་བྱུང་ཡོད་ན་ཡང་། འཛམ་གླིང་ཤར་ནུབ་གཉིས་ལ་༧ གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བྱམས་བརྩེ་དང་ཞི་བདེ་དར་སྤེལ་བཏང་བ་ནང་བཞིན། སུ་གཅིག་གིས་ཀྱང་གནང་མ་ཐུབ་པ་དེ་ཆོས་ལ་གནོད་པ་རེད་ཟེར་རྒྱུ་ཡིན་ནམ། དགོད་སྤྲོ་བའི་བྱིས་སྒྲུང་ལྟ་བུ་ཞིག་ཁྱེད་ཚོ་བཤད་རྒྱུར་ངོ་མི་ཚའམ།
གོ་ལ་ཧྲིལ་བོ་འདིའི་སྟེང་ལ་ཆབ་སྲིད་ཀྱི་ལྟ་གྲུབ་ཆེན་པོ་གཉིས་དེ་མང་གཙོ་དང་དམར་ཤོག་གདོང་ཐུག་བརྒྱབས་ཏེ། དམར་ཤོག་ཕྱོགས་ཡོངས་ནས་ཕམ་ཉེས་སོང་བ་མ་ཟད། ཁྱེད་ཚོ་རྒྱ་ནག་དམར་གཞུང་གཅིག་པུ་ཁེར་རྐྱང་དུ་ལྷག་ལ་ཉེ་བའི་སྐབས་སུ་༧གོང་ས་རྒྱལ་བ་རིན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་རླབས་ཆེན་གྱི་བྱམས་བརྩེའི་ཐུ་འོག་ནས་འཛམ་གླིང་མི་མང་ཁྱེད་ཚོའི་དགྲ་རུ་མི་ལངས་པའི་ཐབས་ཤེས་ཡོད་དགུ་རྩ་སྤྲུག་གནང་ནས། བོད་ཀྱི་གནད་དོན་ཡིན་ན་བོད་རྒྱ་གཉིས་ཀྱིས་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ཡིན་གསུངས་ནས། བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལག་ཆར་མི་འགྱུར་བ་དང་། ལྷག་པར་དུ་རྒྱ་ནག་ལ་རྒྱལ་སྤྱིའི་སྟེང་ནས་བརྡབ་གསིག་མི་གཏོང་བ་གཙོ་འདོན་གནང་ཡོད། དེ་འཛམ་གླིང་མི་མང་གིས་ཤེས་ངེས་རེད། གལ་སྲིད་རྒྱ་ནག་དམར་གཞུང་དང་རྒྱ་ནག་མི་མང་ལ་དགོངས་པ་རྩ་བ་ནས་མི་བཞེས་མཁན་ཞིག་ཡིན་ན། ང་ཚོ་རྒྱ་གར་གྱི་ཆ་ཤས་བྱ་རྒྱུ་ཡིན། ཡང་ན་ཨ་རིའི་ཆ་ཤས་བཟོ་རྒྱུ་ཡིན་གསུང་ན་བོད་མི་མང་གི་ཁོང་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ཡིན་པ་སྨྲོས་ག་ལ་དགོས། ལྷག་པར་དུ་བོད་ཀྱི་བདག་དབང་ཆ་ཚང་ཡོད་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་ལྟར་གསུངས་ན། རྒྱ་གར་རམ་ཨ་རིས་བོད་དོན་ལ་ལག་པ་འཆང་བདེ་རུ་འགྲོ་བ་མ་ཟད། ཏན་ཏན་ཁྱེད་ཚོ་རྒྱ་དམར་གཞུང་ལ་དཀའ་ཁག་གནམ་སར་མི་ཤོང་བ་ཞིག་ཡོང་རྒྱུ་ཡིན་པ་ཐེ་ཚོམ་ག་ལ་དགོས། ཡིན་ན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྱེད་ཚོ་རྒྱ་ནག་དམར་གཞུང་འཛམ་གླིང་ནང་ནས། ངོ་ཚ་ཁ་སྐྱང་བཟོ་མ་དགོས་པ་ཞིག་ལ་འབད་རྩོན་གནང་གི་ཡོད་པ་དེ་ཁྱེད་ཚོས་ཤེས་ན་མ་ཤེས་ཁུལ་གྱི་འཁྱོག་བཤད་ལ་གོམས་དྲག་པས་ཡིན་རྒྱུ་རེད།
ད་དུང་རྩོམ་ཡིག་དེའི་ནང་ལ་ “ལོ་ལྟར་ཟླ་3 ཚེས་10ཉི ན་ཁོ་པས་གཏམ་བཤད་ཐེངས་གཅིག་སྤེལ་རྒྱུ་མི་བརྗེད་པར“བོད་རང་བཙན”བྱ་ཆེད་འུད་སྒྲོག་བྱེད་པ།” ཟེར་ནས་བྲིས་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེས་ཕྱི་ལོ་༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་གྱི་གསུང་འཕྲིན་ནི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་མཐའ་མ་རེད། དེའི་རྗེས་ཕྱི་ལོ་༢༠༡༡ ཟླ་༨ ཚེས་༨ ཉིན་མང་གཙོའི་ལམ་ནས་འོས་འདེམས་བྱས་བའི་སྲིད་སྐྱོང་ལགས་ལ་སྐུ་དབང་ཆ་ཚང་གནང་ཚར་བའི་རྗེས་སུ། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་གཅིག་ཀྱང་བསྩལ་མྱོང་མེད། ལོ་ངོ་བརྒྱད་ཀྱི་རྗེས་སུ་ཁྱེད་ཚོས་ད་དུང་”ལོ་ལྟར་” “མི་བརྗེད་པར” ཟེར་ཡོང་དུས་ཁྱེད་ཚོ་རྫུན་བཤད་རྒྱུ་ལ་གོམས་དྲགས་པས་རེད་སྙམ་ནས་ཁོག་དགོད་ཅིག་ཤོར་སོང་། ཁྱེད་ཚོ་རྒྱ་ནག་དམར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་དང་སྐུར་འདེབས་ཅི་ཙམ་བྱས་ན་བོད་རྒྱའི་བར་གྱི་འགལ་ཟླ་དེ་ཙམ་ཆེ་རུ་འགྲོ་བཞིན་ཡོད་པ་གླེན་པ་ལུག་འདྲ་ཞིག་ཡིན་ན་མ་གཏོགས་ཤེས་ངེས་རེད།
ཁྱེད་ཚོས་བོད་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཅི་ཙམ་བཟོས་ན། དེ་ཙམ་གྱི་ཁྱེད་ཚོ་ནི་བོད་མི་རིགས་ཀྱི་དགྲ་བོ་ཡིན་པ་འདོར་མི་སྲིད།།
ཕྱི་ལོ་༢༠༡༩ ཟླ་ ༤ ཚེས་༢ ཉིན།