བཙན་རྒོལ་དང་གཅིག་སྒྲིལ་ཞེས་པའི་དཔེ་དེབ་དབུ་འབྱེད།
ཕྱི་ཟླ་༩ པའི་ཚེས་༢༡ ཉིན་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཙུགས་ནས་མི་ལོ་ཧྲིལ་པོ་༤༠ འཁོར་བའི་དུས་དྲན་མཛད་སྒོ་ཐོག་འཅར་བའི་༧གོང་ས་མཆོག་གི་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་དང་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་ཚོགས་གཙོ་གླིང་ཚང་ཚེ་རྡོར་རྣམ་གཉིས་གཙོས་པའི་གལ་ཆེ་སྐུ་མགྲོན་ཁག་གཅིག་གིས་དིང་དུས་བོད་ཀྱི་རྒྱལ་རབ་སྐོར་<<བཙན་རྒོལ་དང་གཅིག་སྒྲིལ་>>ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་ཡོད་པ་རེད།
ཕྱི་ཟླ་༩ པའི་ཚེས་༢༡ ཉིན་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཙུགས་ནས་མི་ལོ་ཧྲིལ་པོ་༤༠ འཁོར་བའི་དུས་དྲན་མཛད་སྒོ་ཐོག་འཅར་བའི་༧གོང་ས་མཆོག་གི་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་དང་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་ཚོགས་གཙོ་གླིང་ཚང་ཚེ་རྡོར་རྣམ་གཉིས་གཙོས་པའི་གལ་ཆེ་སྐུ་མགྲོན་ཁག་གཅིག་གིས་དིང་དུས་བོད་ཀྱི་རྒྱལ་རབ་སྐོར་<<བཙན་རྒོལ་དང་གཅིག་སྒྲིལ་>>ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་ཡོད་པ་རེད།
ས་གནས་ནས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བཙན་རྒོལ་དང་གཅིག་སྒྲིལ་ཞེསཔའི་དཔེ་དེབ་དེ་རྒྱ་ནག་གཞུང་གིས་བོད་ས་བཙན་འཕྲོག་བྱེད་སྐབས་བསྟན་སྲུང་དང་བླངས་དམག་གིས་བོད་རྒྱལ་ཁབ་དང་མི་རིགས་༧གོང་ས་རྒྱལ་བ་ཪིན་པོ་ཆེའི་སྐུ་ཕྱྭ་བཅས་ཀྱི་ཆེད་དུ་རྒོལ་འཛིང་གིས་ཚེ་སྲོག་མང་པོ་འགྲོ་གྲོན་བཏང་བ་དེ་ཚོ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་འཁོད་ཐབས་ཆེད་དམིགས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྤྱི་བྱང་རི་ལྷ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་དབྱིན་ཡིག་ཐོག་བྲིས་ཡོད་པ་རེད།
དཔེ་དེབ་རྩོམ་པ་པོ་གསུམ་ཡོད་པའི་ནང་ནས་བྱང་རི་ཚང་བཀྲིས་དོན་འགྲུབ་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཐོག་གསུང་དོན། དམག་སྤྱི་བྱང་རི་ལྷ་རྒྱལ་དམ་པ་དེ་ཉིད་བོད་བསྟན་སྲིད་མི་རིགས་དང་བཅས་པ་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་འདེགས་ཞུ་མཁན་ཞིག་ཡིན་པའི་ཆ་ནས་དམ་པ་ཁོང་རྗེས་དྲན་གྱིས་ཁོང་གི་མི་ཚེའི་ལོ་རྒྱུས་འབྲི་དགོས་པ་གལ་ཆེར་མཐོང་བ་དང་། ལྷག་པར་དུ་ཕྱི་ལོ་༡༩༨༩ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དང་ཟུར་བ་རྣམས་ལ་སོ་སོའི་མི་ཚེའི་ནང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་གང་བསྐྱོན་ཡོད་པ་ཚང་མ་བྱུང་ན་སོ་སོ་རང་ཉིད་དང་། མ་བྱུང་ན་གཞན་ལ་འབྲི་རོགས་གྱིས་ཟེར་ནས་སོ་སོ་སྐུ་འཚོ་བཞུགས་སྐབས་མི་ཚེའི་ལོ་རྒྱུས་རེ་འབྲི་དགོས་པ་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན། དམ་པ་ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་འདི་ཉིད་འབྲི་འགོ་བཙུགས་ཡོད་པ་རེད། བོད་སིལ་བུར་འཐོར་བའི་རྗེས་བོད་ཁམས་གཅིག་གྱུར་གྱིས་དྲག་པོའི་དམག་གི་གཡུལ་འགྱེད་ཏེ་རང་མི་རིགས་དང་རྒྱལ་ཁབ་སྲུང་སྐྱོབ་བྱས་པའི་སྐོར་བོད་ཀྱི་ལོ་རྒྱུས་ནང་བོད་པ་རང་ངོས་ནས་དབྱིན་ཇི་སྐད་ཡིག་ནང་བྲིས་པ་ཕལ་ཆེར་མཐོང་རྒྱུ་དཀོན་པོ་ཡིན་འདུག
ཆབ་མདོ་བ་ཚ་བ་འབོར་མི་དམག་སྤྱི་བྱང་རི་ལྷ་རྒྱལ་ཁོང་ཉིད་བསྟན་དགྲ་རྒྱ་དམག་གིས་བོད་ནང་དྲག་པོས་བཙན་འཛུལ་ལ་འགོག་རྒོལ་ཆེད་༡༩༥༠ ལོ་གྲངས་ནང་རྒྱ་གར་ཀ་ལིམ་པོང་ནང་ཚོང་རྒྱག་བཞིན་པའི་སྐབས་སུ་ཕྱིར་ཆེད་མངགས་བོད་དུ་ཕེབས་ནས་བསྟན་སྲུང་དང་བླངས་དམག་ནང་ཞུགས་པ་ཞིག་རེད་འདུག དེབ་འདིའི་ཁྱད་ཆོས་གཙོ་བོ་ནི་དེ་སྔོན་མི་སྒེར་གྱི་་མི་ཚེའི་ལོ་རྒྱུས་སོགས་དབྱིན་ཡིག་དང་རྒྱ་ཡིག་བོད་ཡིག་བཅས་མི་རིགས་འདྲ་མིན་གྱིས་བྲིས་པའི་དཔེ་དེབ་བརྒྱ་ཕྲག་མང་པོ་ཞིག་ལ་ཞིབ་བསྡུར་གྱིས་རྒྱལ་སྤྱིའི་ཉམས་ཞིབ་ཚད་ལྡན་དང་མཐུན་པའི་ཐོག་ནས་གཙོ་བོ་ཕྱི་ལོ་༡༩༤༧ ནས་༥༩ བར་གྱི་བོད་ནང་གི་དུས་འགྱུར་སྐབས་གནས་སྟངས་ཞིབ་ཕྲ་དང་སྦྲགས་དམག་སྤྱི་བྱང་རི་ལྷ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་བྲིས་པ་ཞིག་རེད་ཅེས་བརྗོད་འདུག
དམག་སྤྱི་བྱང་རི་ལྷ་རྒྱལ་ནི་ཆུ་བཞི་སྒང་དྲུག་གི་ཡ་གྱལ་མདོ་ཁམས་ཚ་བ་སྒང་དུ་སྐྱེས་ཤིང་ཆུང་དུས་ཚོང་གི་ལས་ཀ་དང་། དེ་ནས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ནང་ཞུགས་ཏེ་དུས་འགྱུར་སྐབས་དམག་སྤྱིའི་ལས་གནས་ཐོག་རྒྱ་ནག་ལ་ཁ་གཏད་ཇི་ལྟར་གཅོག་ཐབས་ཀྱི་དམག་ཇུས་བཀོད་འདོམས་དང་། ཆུ་སྒང་རང་ཁོངས་ཀྱི་དམག་མི་རྣམས་ལ་མི་ཕོགས་དང་རྟ་ཕོགས་སྤྲོད་པ་བཀོད་སྒྲིག་བྱེད་མཁན་ཡིན་པ་དང་། ཕྱི་ལོ་༡༩༨༤ ལོར་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ར་ཇའི་སྤུར་རང་ཁྱིམ་དུ་སྐུ་གྲོངས།
བཙན་རྒོལ་དང་ཆིག་སྒྲིལ་ཞེས་པའི་དཔེ་དེབ་དེ་ཉིད་གཙོ་བོ་ནུབ་ཕྱོགས་པ་ཆུང་སྒང་སྐོར་ལ་ཉམས་ཞིབ་པ་ཁེ་རི་མེ་ཀིས་སློབ་སྟོན་དང་སུད་སི་དང་ཨ་རི་དེ་བཞིན་རྒྱ་གར་ནང་བྱེས་འབྱོར་བྱང་རི་ཚང་ནང་མི་ཡོངས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་འོག བོད་རིགས་ཉམས་ཞིབ་པ་རྒྱ་གར་ནས་བཀྲིས་དོན་འགྲུབ་དང་། ཨ་རི་ནས་རྡོ་རྗེ་དགྲ་འདུལ། སུད་སི་ནས་བཀྲིས་དགེ་ལེགས་གསུམ་མཉམ་འབྲེལ་གྱིས་བྲིས་པ་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།